འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་21ཉིན།

༄༅།།ཁོར་ཡུག་སྲུང་སྐྱོང་ཐད་རང་དཔེ་གཞན་སྟོན་བྱས་ཏེ་ཉེ་འཁོར་གྱི་དོན་དག་ཆུང་ཙག་ནས་སྒྲུབ་དགོས།

—— མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཧྲུའུ་ཡི་མཐུན་འབྲེལ་ཕོ་ཉ་ཝང་ཅུན་ཁའེ་ལ་བཅར་འདྲི་ཞུས་པའི་སྐོར། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་21ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལུའུ་ཏུའོ་པའོ་ཡིས།
ནེ་རོ་པིའི་གྲོང་འདབས་ཀྱི་གླང་ཆེན་དྭ་ཕྲུག་ཁང་དུ་ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཧྲུའུ་ཡི་མཐུན་འབྲེལ་ཕོ་ཉ་དང་ཀྲུང་གོའི་གཞས་པ་དང་འཁྲབ་སྟོན་པ་གཅིག་ལྕོགས་ཝང་ཅུན་ཁའེ་ཡིས་གླང་ཕྲུག་དེར་བྱིལ་བྱིལ་བྱེད་ཞོར་དུ་ལྗོན་ཤིང་གི་ཡལ་ག་སྦྱིན།
      དེ་ནི་ཝང་ཅུན་ཁའེ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ན·མོ་ཧན་མོ་ཏེ་མཉམ་དུ་གླང་ཆེན་དྭ་ཕྲུག་ཁང་དུ་སྐྱོད་པའི་བྱེད་སྒོ་ཞིག་ཡིན་ལ་དེའི་དམིགས་ཡུལ་ནི་མི་རྣམས་ཀྱིས་གླང་ཆེན་ལ་སྲུང་སྐྱོབ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་ཁྲིམས་འགལ་ངང་ཉོ་ཚོང་བྱ་རྒྱུ་མཚམས་འཇོག་བྱ་རྒྱུའི་འབོད་སྐུལ་བྱ་ཆེད་རེད།
      ཝང་ཅུན་ཁའེ་ཨ་ཧྥེ་རི་ཁའི་ས་གཞིར་བསྐྱོད་ཐེངས་དང་པོ་ཡིན་པ་དང་། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྐབས་བཞི་པར་ཞུགས་པའི་བར་གསེང་དུ་ཁོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཧྲུའུ་ཡི་མཐུན་འབྲེལ་ཕོ་ཉའི་འགན་ཁུར་ཚུན་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ངའི་ངོས་འཛིན“རྒྱུན་ཆད་མེད་པར་འགྱུར་བ་དང་ཟབ་ཏུ་ཕྱིན་སོང”ཞེས་བརྗོད་བྱུང་།
     ཚེས་14ཉིན། ཝང་ཅུན་ཁའེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་དར་སྲོལ་མནའ་འབྲེལ་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་དབྱིན་སྐད་ཀྱི་ཐོག་ནས་གཏམ་བཤད་སྤེལ་བ་རེད། ཁོང་གིས་དར་སྲོལ་ཐོན་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལ་རམ་འདེགས་ཇི་ལྟར་བྱེད་པའི་ཐད“ང་ཚོས་པགས་པ་མི་སྤྱོད་བར་བརྟེན་ནས་སྲོག་ཆགས་དམར་གསོད་ཐད་འགོག་རྒོལ་བྱེད་ཆོག་པ་དང་། རང་བྱུང་གི་རྒྱུ་ཆ་བེད་སྤྱད་ནས་ཆུའི་ཐོན་ཁུངས་ཐད་སྦགས་བཙོག་ཉུང་གཏོང་དང་བསྐྱར་སྐྱེས་ཐུབ་པའི་ཐོན་ཁུངས་ལ་བརྟེན་ནས་དར་སྲོལ་ལ་སྣེ་ཁྲིད་བྱེད་དགོས”ཞེས་གྲོས་འགོ་བཏོན་པ་རེད།
      ཝང་ཅུན་ཁའེ་ཡིས། ངས་སློབ་སྦྱོང་བྱེད་པའི་རྣམ་འགྱུར་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ལ་ཞུགས་པ་ཡིན། ཚོགས་ཆེན་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་ན་གཞོན་ཚང་མས་ས་གོ་ལའི་ཁོར་ཡུག་སྲུང་སྐྱོང་ལ་གཞོལ་ཚུལ་མཐོང་བྱུང་། “ཁོར་ཡུག་སྲུང་སྐྱོང་གི་ལས་དོན་དེའང་སྲོལ་རྒྱུན་གྱི་བྱེད་སྟངས་ནས་སྔར་བས་དར་སྲོལ་དང་སྤྲོ་སྣང་གི་རྣམ་པར་འགྱུར་བ་མ་ཟད། ཚན་རྩལ་གསར་གཏོད་དང་། སྤྱི་ཕན་གསར་གཏོད། ཁོར་ཡུག་གསར་གཏོད་བཅས་ནི་མ་གཞི་འབྲལ་ཐབས་མེད་པ་ཞིག་ཡིན”ཞེས་གསར་འགོད་པར་གསུངས་བྱུང་།
     ཝང་ཅུན་ཁའེ་ཡིས། ཚོགས་ཆེན་ཐོག་ཀྲུང་གོ་བ་མང་པོ་མཐོང་བས་ཧ་ཅང་སྙིང་ཉེ་བའི་སྣང་བ་བྱུང་། ཀྲུང་གོ་བའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཆེར་གཏོང་དང་དྲ་སྦྲེལ་འཕེལ་རྒྱས་མྱུར་པོ་སོང་བ་དང་བསྟུན་ནས་ཀྲུང་གོའི་ན་གཞོན་རྣམས་ཀྱིས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ་གྲུབ་འབྲས་སྔར་བས་ཡག་པ་གཏོད་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ང་ལ་ཡོད་ཅེས་བརྗོད།
     ཚང་མས་ཤེས་པའི་མི་སྣ་ཡིན་པའི་ཝང་ཅུན་ཁའེ་ཡིས་བལྟས་ན། ཁོར་ཡུག་སྲུང་སྐྱོང་ཁྱབ་གདལ་གཏོང་བར་སྔོན་ལ་རང་དཔེ་གཞན་སྟོན་བྱེད་དགོས། “ཁོར་ཡུག་སྲུང་སྐྱོང་ཐད་ཆེན་པོ་མི་གླེང་བར་ནམ་རྒྱུན་གྱི་དོན་དག་ཆུང་ཙག་ནས་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་བྱེད་དགོས་པ་དང་། འཁྲིས་ཀྱི་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་གཏོང་གི་དྲན་སྐུལ་བྱས་ཚེ་གཞི་ནས་སོ་སོའི་ཤུགས་རྐྱེན་ལ་བརྟེན་ནས་བྱ་གཞག་འདིར་སྣེ་འཁྲིད་བྱེད་ཐུབ”པའི་ངོས་འཛིན་བྱས་པ་རེད།