འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།པུའུ་ཨུ་གསུམ་གྱིས་ཡིག་ཆ་སྤེལ་ཏེ། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་འགན་འཁུར་བས་
སློབ་མ་དང་མཉམ་དུ་ཟ་མ་ཟ་དགོས་པ་བསྒྲགས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་20ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན། སློབ་གསོ་པུའུ་ཡི་དྲ་ཚིགས་ཀྱི་གནས་ཚུལ་ལ་གཞིགས་ན། དེ་རིང་། སློབ་གསོ་པུའུ་དང་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ《སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཟེར་རྒྱུ།) སྤེལ་བ་དང་།   ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 
    《གཏན་འབེབས》ལས་ཁ་གསལ་བྱས་དོན། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་སློབ་གཙོའི་(གླིང་གཙོ)འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་དུ་མཉམ་གཅིག་ཏུ་ཟ་མ་ཟ་དུས་ཟ་རོགས་བྱེད་པའི་ལམ་ལུགས་འཛུགས་དགོས་ཤིང་། ཟ་ཐུན་རེ་རེ་བཞིན་སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བ་དང་སློབ་མ་ཚོས་མཉམ་དུ་ཟ་མ་དགོས་པ་དང་། ཟ་མ་ཟ་རོགས་བྱས་པའི་ཟིན་ཐོ་ཡང་འགོད་དགོས་ལ། ཟ་མ་ཟ་བའི་སྐབས་སུ་ཟ་མའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་དགོས། ཆ་རྐྱེན་འཛོམས་སའི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་དུ་ཁྱིམ་བདག་གིས་ཟ་རོགས་བྱེད་པའི་ལམ་ལུགས་འཛུགས་དགོས་ཤིང་། ཟ་རོགས་བྱེད་མཁན་ཁྱིམ་བདག་ཚོས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་སོགས་ཀྱི་ཐད་བསམ་འཆར་བཏོན་པ་དག་ལ་དུས་ཐོག་ཏུ་ཞིབ་འཇུག་དང་དྲིས་ལན་རྒྱག་དགོས། 
     《གཏན་འབེབས》ལས་བླང་བྱ་བཏོན་དོན། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གིས་སྤྱིར་བཏང་དུ་སློབ་གྲྭའི་ནང་ལ་ཚོང་ཁང་ཆུང་ཆུང་དང་སྒོ་རྩིས་ཚོང་ཁང་སོགས་བཟའ་བཅའ་བཙོང་སའི་ཚོང་ར་འཛུགས་མི་ཆོག་ཅིང་། ངེས་པར་དུ་འཛུགས་དགོས་ན། ཁྲིམས་ལྟར་ཆོག་མཆན་ཐོབ་དགོས་པ་མ་ཟད། ད་དུང་ཚྭ་མང་བ་དང་། མངར་ཆ་མང་ཞིང་། སྣུམ་རིགས་མང་བའི་ཟས་རིགས་འགོག་དགོས།