འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་དུ་སྣོད་བཅུད་ལྟ་འདོམས་དྲ་བས་གཙང་
གསུམ་ཆུ་འགོར་སྲུང་སྐྱོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་20ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་གནས་པའི་མཚོ་སྔོ་རེངས་ཀྱི་ཡུལ་ལྗོངས་མཛེས་ཀྱང་ཁོར་ཡུག་གི་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། རྨ་སྟོད་རྫོང་དུ་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་དང་རྩྭ་ར་རྩེ་གྲ་ཡོད་ལ་ཆུ་བོ་དང་མཚོ་མང་བས“མཚོ་སྟོང་གི་རྫོང”གི་མཚན་སྙན་ཡང་ཡོད། ལོ་རབས་གོང་མའི་དུས་རབས་80པར། རྨ་སྟོད་རྫོང་གི་འབྲོག་ལས་འཕེལ་རྒྱས་མྱུར་པོ་སོང་བ་དང་ཕྱུགས་འཚོས་དྲགས་པའི་རྐྱེན་གྱིས་རྩྭ་ར་ཉམས་ཞན་དུ་སོང་ནས་རྩྭ་ཐང་བྱེ་འགྱུར་དང་མཚོ་དང་གཙང་པོ་བསྐམས་པ་སོགས་རྨ་སྟོད་ཀྱི་སྣོད་བཅུད་ཁོར་ཡུག་རིམ་གྱིས་ཇེ་སྡུག་ཏུ་སོང་ཡོད།
     གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོ་ཁུལ་སྣོད་བཅུད་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་མ་ཀུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྨ་སྟོད་རྫོང་དུ་རིགས་ཁག་གི་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་3042བཀོད་སྒྲིག་བྱས་པ་དང་ཤང་རིམ་པའི་དོ་དམ་སྲུང་སྐྱོང་ས་ཚིགས་4དང་། གྲོང་ཚོ་རིམ་པའི་དོ་དམ་སྲུང་སྐྱོང་རུ་ཁག་27 དོ་དམ་སྲུང་སྐྱོང་ཡན་ལག་རུ་ཁག་190བཅས་བཙུགས་ནས་རྫོང་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་ལ་དྲ་མིག་ཅན་གྱི་དོ་དམ་སྐོར་ཞིབ་བྱས་པས“གནས་ནས་ཁྱོན་ཆགས་པ་དང་། དྲ་མིག་ཁྱོན་ལ་ཁྱབ་པའི”དོ་དམ་སྲུང་སྐྱོང་གི་མ་ལག་ཆགས་ཡོད། རྫོང་ཡོངས་ཀྱི་རྩྭ་ཐང་རྒྱ་ཁྱོན་ལ་ཚོད་རྩིས་བྱས་ན་མི་རེས་ཆ་སྙོམས་དོ་དམ་སྲུང་སྐྱོང་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི་1.2ལྷག་ཟིན་གྱི་ཡོད།
    ས་རྒྱ་ཆེ་ལ་མི་གྲངས་ཉུང་བའི་གཙང་གསུམ་ཆུ་འགོའི་ས་ཁུལ་དུ“གནས་ནས་ཁྱོན་ཆགས་པ་དང་། དྲ་མིག་ཁྱོན་ལ་ཁྱབ་པའི”སྣོད་བཅུད་དོ་དམ་སྲུང་སྐྱོང་མ་ལག་གིས་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད། “སྣོད་བཅུད་དོ་དམ་སྲུང་སྐྱོང་བས་རི་དང་། ཆུ། ནགས། རྩྭ། མཚོ་མཚེའུ་བཅས་གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད། གཞི་རིམ་གྱི་དོ་དམ་སྲུང་སྐྱོང་བ་མང་པོའི་ནུས་ལྡན་གྱི་ལས་དོན་བརྒྱུད། རང་བྱུང་ལ་གཏོར་སྐྱོན་ཤོར་བའི་སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་སོང་ཡོད་ལ་ཁྲིམས་འགལ་གྱི་ཉ་འཛིན་དང་རྔོན་རྒྱག་ལ་ཡང་བཀག་འགོག་བྱུང་ཡོད། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་དེ་བཞིན་མཚོ་སྐར་མའི་མཐའ་འཁོར་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ནས་སྔོ་ཁེབས་མངོན་གསལ་དོད་པོས་སྟུག་ཏུ་ཕྱིན་ཡོད་ལ་ཆུའི་སྤུས་ཚད་ལེགས་སུ་ཕྱིན་པ་དང་རི་དྭགས་ཀྱང་རྒྱུན་ཆད་མེད་པར་མང་དུ་སོང་ཡོད”ཅེས་མ་ཀུའེ་ཡིས་བཤད།
     བསྡོམས་རྩིས་བྱས་པར་གཞིགས་ན། ལོ་བཅུའི་རིང་། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་ཆུ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་80ལྷག་ཆེ་རུ་ཕྱིན་ཡོད། བརྟག་དཔྱད་བྱས་པ་ལས་མངོན་དོན། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་སོགས་ཆུ་བྱ་བབ་སྡོད་བྱེད་སའི་འདམ་རའི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ཆུ་བྱའི་གྲངས་འབོར་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཡང་ཆེས་ཆེར་མང་དུ་སོང་ཡོད།