འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།འགྱུར་རྡོའི་གསང་བ་ཤེས་རྟོགས་ཐུབ་པ། 

—— ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་གསང་བ་རྟོགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་19ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      འགྱུར་རྡོ་དེར་ལོ་ངོ་ཁྲི་2500ཡི་ལོ་རྒྱུས་ལྡན་པ།
     ལོ་ངོ་ཁྲི་3500ཡི་གོང་དུ། མཚོ་བོད་ས་མཐོའི་དབུས་རྒྱུད་ད་ཆའི་མཐོ་ཚད་སྨི་4500ཙམ་ཡོད་ཅེས་པའི་ལྟ་བ་རྩིས་མེད་དུ་བཏང་བ།
     ཏ་ལའི་ལྗོན་ཤིང་འགྱུར་རྡོ་ཆགས་པ་ཞིག་ཤེས་རྟོགས་ཐུབ་ནས་ལོ་ངོ་ཁྲི་3500ཡི་མཚོ་བོད་ས་མཐོ་འདི་ཉིད་གློ་བུར་དུ་ལོ་ཁྲི་1000ཙམ“ཆུང་དུ”སོང་ཡོད།
ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་ཤེས་རྟོགས་ཐུབ་པའི་ཞིབ་འཇུག་འབྲས་བུ་ཚེས་7ཉིན་རྒྱལ་སྤྱིའི་དུས་དེབ《ཚན་རིག་གི་འཕེལ་རིམ》ཐོག་བཏོན་པ་དེས་མཚོ་བོད་ས་མཐོ་ཆགས་པའི་དུས་ཚོད་ལ་འགྱུར་ལྡོག་ཕྱིན་པ་མ་ཟད་མི་ཚོར་མཚོ་བོད་ས་མཐོའི་བྱུང་བ་གསལ་རྟོགས་ཐུབ་པར་བྱས་ཡོད།
     2016ལོའི་ཟླ་8ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་དུ། ས་བབ་མཐོ་ཚད་སྨི་4600ཡོད་པ་དང་མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་ལུན་པོ་ལ་གཤོངས་སར་ཀྲུང་གོའི་ཚན་རིག་ཁང་གི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་གནའ་རབས་སྐྱེ་དངོས་ཚན་ཞིབ་རུ་ཁག་གིས་འགྱུར་རྡོ་ཞིག་སྔོག་འདོན་ཐུབ་པ་དང་རུ་མི་ཧོང་ཅན་གྱིས“ཁོང་ཚོ་མགྱོགས་པོ་ཤོག་དང”ཞེས་ཚང་མ་སྐད་བཏང་ཞིང་། ཁོང་གིས་རང་ཉིད་ཀྱིས་སྔོག་མ་ཐག་པའི་འགྱུར་རྡོའི་ལོ་མ་ཞིག་ལ་མཛུབ་མོ་བཙུགས་ནས“དེ་ནི་ཤིང་ཏ་ལ་རེད་དམ”ཞེས་དྲིས།
     མི་ཞིག་གིས“དེ་ནི་ཤེས་རྟོགས་ཆེན་པོ་ཐུབ་པ་ཞིག་ཡིན་ངེས་རེད”ཅེས་ཚིག་ཐག་ཆོད་པོས་བཤད།
     འོན་ཀྱང་ཕྱོགས་བཞིའི་ཐང་རྒོད་ལ་བལྟས་ཚེ་རྩྭ་ཕྲན་ཙམ་ལས་ཤིང་སྡོང་ཆེན་པོ་མཐོང་རྒྱུ་མེད། ཞིབ་འཇུག་པ་སུའུ་ཐའོ་ཡིས“མཐོ་ཞིང་ཆེ་བའི་ཤིང་ཏ་ལ་དེ་གར་ཡོད་དོན་གང་ཡིན་ནམ”ཞེས་དྲི་བ་བཏོན་པར་ཚང་མ་ཅི་ཤོད་འདི་ཤོད་མེད་པར་གྱུར།
     ཤིང་ཏ་ལ་ནི་ཚ་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་རྩི་ཤིང་ཞིག་ཡིན་པ་དང་གོ་ལ་ཧྲིལ་པོར་ཁྱོན་སྣ་ཁ་2500ལྷག་ཙམ་ཡོད་པ་དེ་དག་ཚ་ཁུལ་དང་ཚ་ཁུལ་ཕལ་པའི་ཁུལ་དུ་ཁྱབ་ཡོད། འོ་ན་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་དང་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་ལས་དམའ་བའི“འཛམ་གླིང་ཡང་རྩེར”ཚ་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་ཤིང་ཏ་ལ་ཡོད་དོན་གང་ཡིན་ནམ།
     གསང་བ་དེ་རྟོགས་ཆེད་དཔུང་ཁག་དེས་སླར་ཡང་དུས་ཡུན་ལོ་གསུམ་ཙམ་ཞིབ་འཇུག་བྱས།
     མཐོ་བོད་ས་མཐོ་ཆགས་པ་ནི་ཨེ་ཤེ་ཡ་དང་ཐ་ན་གོ་ལ་ཧྲིལ་པོའི་ས་གཤིས་དོན་རྐྱེན་གལ་ཆེ་ཤོས་ཤིག་ཡིན་ཞིང་། ས་བབ་མཐོ་རུ་ཕྱིན་པ་ལས་ཨེ་ཤེ་ཡའི་རླུང་ཁམས་ཆེ་མོའི་འཁོར་རྒྱུག་དང་། ས་དབྱིབས་དང་ས་ངོས། སྣོད་བཅུད་ཁོར་ཡུག སྐྱེ་དངོས་སྣ་མང་རང་བཞིན་བཅས་ཀྱི་བཀོད་པར་འགྱུར་ལྡོག་ཕྱིན་ཡོད། དུས་ནམ་ཞིག་ལ་ཆགས་པ་དང་། ཇི་ལྟར་ཆགས་ཚུལ་དེ་གནད་དོན་གཙོ་ཆེ་ཤོས་སུ་གྱུར་ཡོད།
     དཔུང་ཁག་གིས་ད་ཡོད་ཀྱི་ལོ་རབས་རིག་པའི་དཔྱད་གཞི་བལྟས་རྗེས་འགྱུར་རྡོ་དེར་ལོ་ངོ་ཁྲི་2500ཡི་ལོ་རྒྱུས་ལྡན་པ་མགྱོགས་མྱུར་ཤེས་རྟོགས་ཐུབ་ཡོད། འོན་ཀྱང་འགག་རྩའི་གནད་དོན་ནི་ལོ་ངོ་ཁྲི་2500གོང་གི་མཚོ་བོད་ས་མཐོའི་དབུས་རྒྱུད་ཡང་སྙིང་མཐོ་ཚད་ཇི་ཙམ་ཡོད་དམ།
     དེར་དམིགས་ནས་དཔུང་ཁག་གིས་དེང་དུས་ཀྱི་ཤིང་ཏ་ལ་ཁྱབ་ཡུལ་གྱི་གྲངས་གཞི་དུ་མ་འཚོལ་བསྡུ་བྱས་པ་དང་། དེ་རྗེས་ཤིང་ཏ་ལའི་སྐྱེ་འཚར་ལ་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་གལ་ཆེ་ཤོས—གྲང་ཤོས་ལའང་ཟླ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་5.2ལས་མི་དམའ་བར་གཞིགས་ནས་མཐོ་གཟར་གྱི་གྲོག་རོང་དང་ཐང་གཤོངས་རིགས་མི་འདྲ་བ་13གྱི་རྣམ་པ་ཇུས་འགོད་བྱས་རྗེས་ཁོར་ཡུག་དེ་འདྲའི་འོག་གི་ལོའི་ཆ་སྙོམས་དྲོད་ཚད་དང་། ཟླ་རེའི་ཆ་སྙོམས་དྲོད་ཚད་དམའ་ཤོས། མཚོ་བོད་ས་མཐོའི་སྐབས་དེ་དུས་ཀྱི་དྲོད་ཚད་ཆག་ཚད་བཅས་ལ་ལད་མོ་བྱས་ཏེ་སྐབས་དེ་དུས་ཤིང་ཏ་ལ་སྐྱེ་འཚར་གྱི་མཐོ་ཚད་རིགས་འདེད་བྱས་པ་རེད།
     མཐར་དཔུང་ཁག་ལ་གཏན་ཚིགས་དང་མཐུན་ཤོས་ཀྱི་འབྲས་བུ་ཞིག་ཐོབ་པ་མ་ཟད“ལོ་ངོ་ཁྲི་3500ཡི་གོང་དུ་མཚོ་བོད་ས་མཐོའི་དབུས་རྒྱུད་ད་ཆའི་སྨི་4500ཙམ་གྱི་མཐོ་ཚད་དང་ཧ་ལམ་མཚུངས་ཡོད”ཅེས་པའི་ཡོངས་ཁྱབ་ཀྱི་ལྟ་བ་རྩིས་མེད་དུ་བཏང་བ་རེད།
     ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་ཞིབ་འཇུག་ཞིབ་ཚགས་བྱས་པ་ལས་མཚོ་བོད་ས་མཐོའི“ལང་ཚོའི་རྣམ་པ”རིམ་བཞིན་མངོན་པ་སྟེ།
     ལོ་ངོ་ཁྲི་2500ཡི་གོང་དུ་མཚོ་བོད་ས་མཐོའི་དབུས་རྒྱུད་དུ་ཤར་ནས་ནུབ་ཏུ་ཕྱོགས་པའི་གྲོག་རོང་ཞིག་ཡོད་པ་དེའི་མཐིལ་ངོས་སུ་མཚེའུ་གཏིང་རིང་ཞིག་ཡོད་པ་དང་དེའི་ནང་ཕན་ཡུས་ཞེས་པའི་ཉ(ད་ཆ་ཚ་རྒྱུད་དུ་ཡོད་པའི་ཉ་ཞིག)ཞིག་ཡོད། དེ་ནས་མི་རིང་བའི་སར་མཐོ་ཞིང་ཆེ་བའི་ཤིང་ཏ་ལའི་ལྗོན་ཤིང་དང་བསེ་རུ་དང་། གྲོག་རོང་གི་གཞོགས་གཉིས་སུ་ས་བབ་སྨི་4000ཟིན་པའི་རི་བོ། ངོགས་གཉིས་ཀྱི་རི་ལྡེབས་སུ་ཚ་རྒྱུད་ཀྱི་རྒྱུན་ལྗང་ལོ་མ་ཆེ་བའི་ལྗོན་ཤིང་གི་ལོའི་ནགས་ཚལ། རི་རྩེར་ལོ་མ་ཕྲ་རིགས་ཀྱི་ནགས་ཚལ་བཅས་ཡོད་པ་རེད།
     ཀྲོའུ་ཀྲེ་ཁུན་གྱིས“གྲོག་རོང་གི་ས་དབྱིབས་དེ་ལོ་ངོ་ཁྲི་2300ཙམ་གྱི་གོང་དུ་གཞི་ནས་རིམ་བཞིན་མེད་པར་གྱུར་ཡོད། རྒྱ་གར་གྱི་བྲག་ལེབ་རྒྱུན་སྲིང་ཆུང་དུ་ཕྱིན་པ་དང་འབྲེལ་ཤིང་ཏ་ལའི་ལྗོན་ཤིང་མཇུག་ཤོས་དེ་འགྱེལ་སྐབས་གྲོག་རོང་སྙོམས་ནས་རིམ་བཞིན་ས་ངོས་མཐོ་རུ་སོང་སྟེ་མཐར་བརྗིད་ཉམས་ལྡན་པའི་མཚོ་བོད་ས་མཐོའི་ས་དབྱིབས་ཆགས་ཡོད”ཅེས་བཤད།
     གསང་བ་དེ་རྟོགས་པ་ལས་མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་ས་བབ་མཐོ་རུ་ཕྱིན་པའི་ལོ་རྒྱུས་ཉུང་མཐར་ཡང་ལོ་ངོ་ཁྲི་1000ཕྱི་སྣུར་བྱས་པ་མ་ཟད། རིག་གཞུང་ལས་རིགས་ཀྱིས་མཚོ་བོད་ས་མཐོའི་གྲུབ་ཚུལ་ངོས་འཛིན་བྱེད་པར་འགྱུར་རྡོའི་གཞི་འཛིན་ས་གསར་པ་ཞིག་ཀྱང་མཁོ་འདོན་བྱས་པ་རེད།