འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།སི་རི་ཡའི་ཙུང་ཐུང་གིས་སི་རི་ཡ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་མ་
གཏོང་རྒྱུ་ཡིན་ཞེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་19ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། སི་རི་ཡའི་ཙུང་ཐུང་པ་ཧྲའར·ཨ་ས་ཏེས་ཉེ་ཆར་སི་རི་ཡས་བློ་བརྟན་འགྱུར་མེད་ངང“ཤར་ལ་ཕྱོགས་པའི”སྲིད་ཇུས་མཐའ་གཅིག་ཏུ་འཛིན་ནས་སི་རི་ཡ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་ལ་འཕེལ་རིམ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
     པ་ཧྲའར་གྱིས་ཉེ་ཆར་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུར་འཚམས་འདྲིར་ཕེབས་པའི་ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་ལས་རོགས་ཁྲེན་ཞའོ་ཏུང་དང་ཐུག་འཕྲད་བྱེད་སྐབས་སི་རི་ཡ་ཕྱོགས་ཀྱིས་སི་རི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ལ་གཅེས་སྤྲས་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་སི་རི་ཡ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་བརྗོད་ཅིང་། ཁོང་གིས་སི་རི་ཡའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞུང་དྲང་ལུགས་མཐུན་གྱི་ལངས་ཕྱོགས་འཛིན་པར་སི་རི་ཡ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་བསྐྱར་སྐྲུན་གྱི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་མ་ཟད། འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཐད་ཀྲུང་གོ་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་ནན་བཤད་བྱས་པ་རེད།
     ཁྲེན་ཞའོ་ཏུང་གིས་ཀྲུང་གོ་དང་སི་རི་ཡ་རྒྱལ་ཁབ་གཉིས་པོའི་དབར་གྱི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་དང་། ཕྱི་འབྲེལ་བཙུགས་ནས་ལོ་63སོང་རིང་ཕྱོགས་གཉིས་པོའི་འབྲེལ་བ་བདེ་བླག་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་དང་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱས་ནས་སི་རི་ཡ་ཕྱོགས་དང་སྤེལ་རེས་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ་རེད།