འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།ཨེ་ཅིབ་ཀྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་དང་
མཉམ་ལས་བྱ་རྒྱུར་དགའ་བསུ་ཞུས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་19ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཨེ་ཅིབ་ཀྱི་ཙུང་ཐུང་ལས་ཤག་གི་མགྲིན་ཚབ་པ་པཱ་ས་མུའུ·ལ་ཏིས་ཉིན་ཤས་གོང་སྨྱན་སྦྱོར་ལ་བརྗོད་དོན། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཁེ་རོར་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱི་སྐུ་ཚབ་ཚོགས་པ་དང་ཐུག་འཕྲད་བྱེད་སྐབས། མཉམ་ལས་རྩ་འཛུགས་དང་མཉམ་དུ་ཨེ་ཅིབ་ཀྱི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཆར་འགོད་དང་བསྐྱར་སྐྱེས་ཐུབ་ པའི་ནུས་རྒྱུའི་ལག་རྩལ་གྱི་འབྲེལ་ཡོད་ཞིབ་འཇུག་ལ་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ལ་ཏིས་བརྗོད་དོན། སའེ་ཤིས་ཐུག་འཕྲད་བྱེད་རིང་མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་གློག་ཤུགས་དགོས་མཁོ་སྐོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྔགས་བརྗོད་བྱས་པ་མ་ཟད། ཨེ་ཅིབ་ཀྱིས་ས་ཁོངས་གཞི་གཅིག་ཅན་དང་དེ་བཞིན་རྒྱལ་མཚམས་ལས་སྒྲོལ་བའི་རྣམ་གྲངས་ལ་མ་རྩ་གཏོང་ཤུགས་ཆེ་རུ་བཏང་བ་བརྒྱུད་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་ལ་སྐུལ་སྤེལ་གཏོང་རྒྱུའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞི་ལིའུ་ཀྲེན་ཡས། ཨེ་ཅིབ་ནི་ཨེ་ཤེ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ་བཅས་གསུམ་སྦྲེལ་མཚམས་སུ་གནས་ཡོད་པས།      ནུས་རྒྱུའི་དྲ་སྦྲེལ་འཛུགས་སྐྲུན་ཁྲོད་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་གལ་ཆེན་ལྡན་ཡོད། རྒྱུན་སྲིང་འཕེལ་རྒྱས་ཀྱི་ལྟེ་བ་ནི་དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་པས། ཨ་ཧྥེ་རི་ཁའི་གླིང་གི་ནུས་རྒྱུའི་དྲ་སྦྲེལ་འཛུགས་པ་དང“གློག་དང་། གཏེར་ཁ། བཙོ་སྦྱངས། བཟོ་ལས། ཚོང་དོན”བཅས་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་ནས། ཨ་ཧྥེ་རི་ཁའི་དྭངས་གཙང་ནུས་རྒྱུ་དང་གཏེར་ཁའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་གང་མགྱོགས་བསྒྱུར་བར་སྐུལ་སྤེལ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ལྟ་བུའི་ཐོན་ལས་དང་སྒུལ་ཤུགས་གསར་པ་ཞིག་ཏུ་གཏོད་དགོས་ཞེས་བརྗོད་པ་རེད།