འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།འཛམ་གླིང་ལ་སྒོ་དབྱེ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཀྲུང་གོ་ཞིག་མཐོང་དུ་འཇུག་པ། 

——རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་གྲུབ་འབྲས་ལ་གྲོས་བསྡུར་འཁྲུག་པོ་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་19ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་རྗེས་2019ལོའི་ཀྲུང་གོའི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚོགས་འདུ་གཉིས་ཀྱི་གྲུབ་འབྲས་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་མ་ཟད། ཕྱི་ནང་གི་འགྲན་སློང་མཉམ་གནས་དང་དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་འཕྲད་པའི་རྒྱབ་ལྗོངས་འོག་ཀྲུང་གོ་སྲིད་གཞུང་གིས་དགེ་མཚན་ལྡན་པའི་དངོས་སྒྲུབ་ཀྱི་སྲིད་ཇུས་དང་བྱ་ཐབས་བཏོན་ནས་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་ལ་སྒོ་དབྱེ་དང་ཡིད་ཆེས་ཀྱིས་ཁེངས་པའི་རྣམ་པ་ཞིག་མངོན་པར་བྱས་པའི་ངོས་འཛིན་བྱས་ཡོད།
     
བྱ་ཐབས་ནུས་ལྡན་བཏོན་པ་དང་དགེ་མཚན་ལྡན་པའི་བརྡ་རྟགས་གཏོང་བ།
     ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་ཚོགས་འདུ་གཉིས་ཀྱི་དཔལ་འབྱོར་གྲོས་གཞིར་དོ་ཁུར་ཆེན་པོ་བྱེད་ཅིང་། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཀྲུང་གོ་སྲིད་གཞུང་གིས་འདི་ལོ་ཀྲུང་གོའི་དཔལ་འབྱོར་6%ནས་6.5%བར་འཕར་རྒྱུར་གདེང་ཚོད་ཡོད་པ་བསྟན་པ་དང་ཀྲུང་གོས་མུ་མཐུད་ཁྲལ་རིན་གཉིས་བཅག་ལ་སྐུལ་འདེད་གཏོང་བ་སོགས་ཞིབ་ཕྲའི་བྱ་ཐབས་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱ་རྒྱུ་ཡིན་པ་རེད་ཅེས་བརྗོད་ཡོད་པ་རེད།
     ཧྥ་རན་སེའི་ཕ་རི་སི་སློབ་ཆེན་ཨང་བརྒྱད་པའི་དགེ་རྒན་ཆེ་མོ་བ་ཕི་ཨེར·ཕི་ཁར་གྱིས་འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པ་དང་འདི་ལོའི་ཚོགས་འདུ་གཉིས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པས། འབྱུང་འགྱུར་ཀྲུང་གོའི་དཔལ་འབྱོར་མུ་མཐུད་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།
     ཨ་རིའི་པུའུ་ལུའུ་ཅིན་སེ་སློབ་ཚོགས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཏུའུ་ཏ་ཝུའེ་ཡིས་ཀྲུང་གོའི་དཔལ་འབྱོར་གྱིས་གྲུབ་ཆ་ལེགས་སྒྲིག་བྱེད་རིང་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ངས་ཀྲུང་གོ་སྲིད་གཞུང་གིས་གཞི་ཁྱོན་དེ་བས་ཆེ་བའི་ཁྲལ་རིན་གཉིས་བཅག་བྱ་རྒྱུ་ཡིན་པའི་དོ་སྣང་བྱུང་ཞེས་བརྗོད་པ་དང་། ཁོང་གིས་དེ་ནི་བློ་གྲོས་ལྡན་པ་དང་དགའ་བསུ་ཆེན་པོ་ཐོབ་པའི་སྲིད་ཇུས་ཤིག་ཡིན་པས་འཛད་སྤྱོད་བྱེད་མང་དུ་འགྲོ་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
    རི་པིན་གྱི་ཧྥུའུ་ཧྲེ་ཐུང་སྤྱི་ཁྱབ་ཞིབ་འཇུག་ཁང་གི་ཀྲུའུ་ཞི་དང་ཞིབ་འཇུག་པ་ཅིན་ཅན་མའེ་ཡིས་ཀྲུང་གོས་དཔལ་འབྱོར་ཕྱོགས་སྒྱུར་ལ་གཞོལ་བའི་བྱ་ཐབས་རབ་དང་རིམ་པར་དོ་སྣང་བྱུང་ཞེས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་ཁྲོམ་ར་སྒོ་དབྱེ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་གཏོད་པ། རི་ཀྲུང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་གོ་སྐབས་དེ་བས་བཟང་བ་མཁོ་འདོན་བྱེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
     ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
     འཇར་མན་གྱི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱི་ཀྲུའུ་ཞི་མཱ་ལི་ཨའོ·ཨའོ་ཧོ་ཝུན་གྱིས་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དེས་ཕྱི་རྒྱལ་ཀུང་སིས་ཀྲུང་གོར་མ་འཇོག་བྱེད་པར་ཆ་རྐྱེན་ཧ་ཅང་་ཡག་པོ་མཁོ་འདོན་བྱས་ཡོད། ཀྲུང་གོའི་ཁྲོམ་རས་མུ་མཐུད་གནས་བབ་ཧ་ཅང་གལ་ཆེན་བཟུང་ནས་འཇར་མན་གྱི་ཁེ་ལས་ཀྱི་བྲིན་འཚོང་དང་། ཁེ་བཟང་། མ་འཇོག་གཞི་ཁྱོན་བཅས་རྒྱུན་མཐུད་ངང་འཕར་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་བརྗོད།
     སིང་ཀ་ཕོར་གྱི་རྒྱལ་བཙུགས་སློབ་ཆེན་གྱི་ལི་ཀོང་ཡའོ་སྤྱི་པའི་སྲིད་ཇུས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀུའུ་ཆིང་ཡང་གིས་འདི་ལོའི་ཚོགས་འདུ་གཉིས་ཐོག་ཀྲུང་གོས་མུ་མཐུད་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ། ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་རྒྱུ་སོགས་བསྐྱར་བཤད་གནང་ཡོད། ཀྲུང་གོས་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་དང་དར་རྒྱས་ལ་ནུས་པ་ཆེན་པོ་ཐོན་རྒྱུ་རེད་ཅེས་བརྗོད།
     དབྱི་རག་གི་པ་ཀ་ཏ་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ས་པ་ཧེ·ཞེ་ཧེས་ཚོགས་འདུ་གཉིས་བརྒྱུད་ཀྲུང་གོས་འཛམ་གླིང་ལ་མཉམ་ལས་དང་། གསར་གཏོད། འཕེལ་རྒྱས། གཉིས་ཕན་བཅས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བའི་འདུ་ཤེས་བརྒྱུད་བསྒྲགས་བྱས་ཡོད། ཀྲུང་གོས་འཕེལ་རྒྱས་དང་མཉམ་ལས་ལ་བརྟེན་ནས་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་མ་བཏང་སྟེ་འཛམ་གླིང་འདི་ཉིད་དེ་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཏུ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།
     ཨུ་རུ་སུ་ཚན་རིག་ཁང་གི་རྒྱང་ཤར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཨན་ཏེ་ལེ·ཨའོ་སེ་ཐེ་ལུའོ་ཕུའུ་སི་ཅིས་ཀྲུང་གོ་སྲིད་གཞུང་གིས་དབུལ་སྐྱོར་དང་སྤྱི་ཚོགས་འགན་སྲུང་རྒྱ་ཆེ་རུ་གཏོང་བའི་ཐད་འབད་བརྩོན་བྱས་པ་དེས་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་དང་། རྒྱལ་ནང་གི་ཁྲོམ་ར་འཕེལ་རྒྱས། མི་དམངས་ཀྱི་བདེ་རྩ་མཐོ་རུ་གཏོང་བ་བཅས་ཐད་ཕན་ཐོགས་ཡོད། དཀའ་ངལ་རབ་དང་རིམ་པ་ལྡན་སྲིད་ཀྱང་ཀྲུང་གོ་སྤྱི་ཡོངས་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་པས་མུ་མཐུད་འཛམ་གླིང་ལ་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་རེད་ཅེས་བརྗོད་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གློག་འཕྲིན།