འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་18ཉིན།

༄༅།།ནུར·པེ་ཁེ་ལིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་
གི་ལས་གནས་ནས་གནས་དབྱུང་བཏང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་18ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ནུར·པེ་ཁེ་ལིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ཏེ་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
     བརྟག་དཔྱད་བྱས་པ་བརྒྱུད། ནུར·པེ་ཁེ་ལིས་རྩ་འཛུགས་ཀྱི་ཞིབ་བཤེར་དང་ལེན་མ་བྱས་པར་རྩ་འཛུགས་ནས་སྐད་ཆ་འདྲི་སྐབས་གནད་དོན་ཇི་མ་ཇི་བཞིན་མ་བཤད་པ་དང་། འདོད་རྔམ་རུལ་སུངས་ཀྱིས་ཁྱིམ་རྒྱུད་ཀྱི་རུལ་སུངས་ཚབས་ཆེན་བྱས་ཏེ་གོ་གནས་ཀྱི་སྟབས་བདེ་དང་དབང་ཆ། དེ་བཞིན་གནས་བབ་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་བཅས་སྤྱད་ནས་མི་གཞན་ལ་གོ་གནས་སྤོར་བ་དང་། ལས་ཀ་བསྒྱུར་བ། ཁེ་ལས་གཉེར་སྐྱོང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་སོགས་ཀྱི་ཐད་རོགས་རམ་བྱས་པ་དང་། ཐད་ཀར་རམ་ཡང་ན་གཉེན་ཉེ་བརྒྱུད་མི་གཞན་གྱི་རྒྱུ་དངོས་ཕོན་ཆེན་བླངས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ་མི་གཞན་ལ་རང་ཉིད་ཀྱི་ནང་མིར་སྤུས་ལེགས་འཇིབ་ཆུང་དང་ཆེད་བསྐོས་ཁ་ལོ་བ་སོགས་ཀྱི་རིན་མེད་ཞབས་ཞུ་ཡུན་རིང་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན་པ། ཡ་མེད་སྒྲིག་འགལ་གྱིས་གནས་གོང་ཆེ་བའི་གསོལ་སྟོན་ལ་ཐེངས་མང་ཞུགས་པ། གནས་གོང་ཆེ་བའི་ལག་རྟགས་དང་འབུལ་རྟེན་བླངས་པ། འཚོ་བ་བག་མེད་ལོངས་སྤྱོད་དང་སྐྱིད་འདོད་ལོངས་སྤྱོད་ལ་རྔམས་པ། སྤྱོད་ལམ་མ་རབས་ཐ་ཤལ་དང་དབང་སྲེད་ཉོ་ཚོང་བྱེད་པ་བཅས་རེད།
     ནུར·པེ་ཁེ་ལིའི་ཕུགས་བསམ་གྱི་དད་སེམས་གར་སོང་ཆ་མེད་དུ་གྱུར་པ་དང་། འདུ་ཤེས་བཞི”གཏན་ནས་མེད་པ། ཏང་གི་ཆབ་སྲིད་སྒྲིག་ལམ་དང་། རྩ་འཛུགས་ཀྱི་སྒྲིག་ལམ། སྤྱོད་གཙང་གི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་ལས་ཚབས་ཆེན་འགལ་བས་གོ་གནས་ཀྱི་ཉེས་པ་བསགས་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་དོགས་པའང་ཡོད་ཅིང་། ད་དུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་མཚམས་དང་ཚོད་མེད་པ་དང་། འཛེམ་ཟོན་དང་གུས་སྐྲག་གི་བསམ་བློ་ཅི་ཡང་མེད་པ། ངོ་བོ་ཧ་ཅང་ངན་པ་དང་མཇུག་འབྲས་ཧ་ཅང་ཚབས་ལྕི་བས་ངེས་པར་དུ་ཐག་གཅོད་ནན་པོ་བྱ་རྒྱུ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུས་ཞིབ་འཇུག་བྱས་ནས་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་གནང་རྒྱུའི་སྙན་སེང་ཞུས་རྗེས། ནུར·པེ་ཁེ་ལི་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་གནས་དབྱུང་གཏོང་རྒྱུའི་ཆད་པ་གཅོད་རྒྱུ། སྒྲིག་འགལ་ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་ཆ་ཚང་གཞུང་བཞེས་གཏོང་རྒྱུ། ཁོ་པའི་ཉེས་གསོག་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་འདྲི་གཅོད་ཞུ་གཏུག་རྒྱག་རྒྱུར་རྩིས་སྤྲོད་རྒྱུ་དང་དེ་བཞིན་གྱོད་འབྲེལ་རྒྱུ་དངོས་མཉམ་དུ་རྩིས་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།