འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་15ཉིན།

༄༅།།ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་ཁྲལ་རིན་གཉིས་གཅོག་གི་བྱེད་ཐབས་ལ་གདེང་འཇོག་ཡག་པོ་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་15ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལོ་ཧྲིལ་པོའི་ཁེ་ལས་ཀྱི་ཁྲལ་འབབ་དང་སྤྱི་ཚོགས་འགན་བཅོལ་གྱི་གྲོན་བསྡུའི་ཁུར་པོ་སྒོར་དུང་ཕྱུར་ཁྲི་2ཙམ་ཡང་དུ་གཏོང་རྒྱུ་རེད་ཅེས་འཁོད་ཡོད་ཅིང་། ཕྱི་རྒྱལ་གྱི་ལྟ་ཞིབ་མི་སྣས། ཀྲུང་གོ་སྲིད་གཞུང་གིས་ད་རེས་ཀྱི་ཁྲལ་རིན་གཉིས་གཅོག་བྱེད་ཤུགས་ཆེ་རུ་བཏང་བ་དེས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཀྱི་གདེང་ཚོད་ཆེར་གཏོང་དང་། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཧུར་བརྩོན་རང་བཞིན་འཕེལ་བ་བྱེད་པ། དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་མ་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད།
    ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་གླིང་གི་ཤར་ཕྱོགས་རིག་པ་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཨ་ལེ་ཁོ་ཞེ·མ་སི་ལུའོ་ཧྥུའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་སྲིད་གཞུང་གིས་ཁྲལ་རིན་གཉིས་གཅོག་མུ་མཐུད་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། རྒྱལ་ནང་གི་ཁྲོམ་རའི་མི་མངོན་པའི་ནུས་པ་འཕེལ་བར་བྱེད་པ་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་སྐུལ་མའང་ཐེབས་ཡོད་ཅེས་བརྗོད་པ་རེད།
     འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཕྱི་ཕྱོགས་ཚོང་དོན་དང་མ་འཇོག་ཧྲུའུ་ཡི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཐོ་རིམ་ཅིང་ལི་ཁོ་ལི་སི་ཏི་ནཱ·ཨའོ་ཐེས་བལྟས་ན། ཁྲལ་རིན་གཉིས་གཅོག་གིས་གཙོ་བོ་ཕྱོགས་གཉིས་ཀྱི་ཐད་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་རམ་འདེགས་བྱས་པ་སྟེ། གཅིག་ནས་ཁེ་ལས་ཀྱི་ཁེ་སྤོགས་དང་མ་འཇོག་མང་དུ་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་དང་། གཉིས་ནས་ཀུང་སིས་ཁྲོམ་རའི་འཛད་སྤྱོད་ཀྱི་རིན་གོང་དམའ་རུ་གཏོང་རྒྱུར་སྐུལ་མ་ཐེབས་ནས་དེ་ལས་འཛད་སྤྱོད་ལ་སྐུལ་འདེད་ཐེབས་རྒྱུ་རེད། ཨའོ་ཐེས། མོ་ཀན་ཧྲི་ཏན་ལིའི་གྲངས་གཞི་ལས་མངོན་པ་ལྟར་ན། བཟོ་སྐྲུན་ལས་རིགས་ཀྱི་གནས་ཐང་འཕར་ཁྲལ་བསྡོམས་འབོར་བརྒྱ་ཆའི་གྲངས་3དམའ་རུ་བཏང་ན་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་6000མང་དུ་འགྲོ་ཐུབ་ཅེས་བརྗོད་པ་རེད།
    རི་པིན་གྱི་རུའེ་སུའེ་ཕྱོགས་བསྡུས་ཞིབ་འཇུག་སུའོ་ཡི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཁྲང་ཀུའུ་ཀྲོན་ཁེ་ཀྲིས། གནས་ཐང་འཕར་ཁྲལ་དམའ་རུ་བཏང་བ་ལས་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་ཚོང་ཟོག་གི་རིན་གོང་ཆག་རྒྱུའི་རེ་བ་ཡོད་པ་དེས་མི་སྒེར་གྱི་འཛད་སྤྱོད་ལ་འདེགས་སྐྱོར་ཐུབ་ངེས་རེད་ཅེས་བརྗོད་པ་རེད།
     རྒྱ་གར་ཉི་ཧོ་ལུའུ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝ་ལཱ་ཕུའུ་ལཱ་ས་ཏེ·སའེ་ཁར·ཏུའོ་ལཱ་ཡིས། གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་ཀྱིས་ཁེ་ལས་འབྲིང་ཆུང་གིས་ཞིབ་སྤེལ་གྱི་གྲོན་དངུལ་སྔར་བས་མང་དུ་བཏང་ནས་ཐོན་ཟོག་གི་སྤུས་ཚད་མཐོར་གཏོང་དང་འགྲན་རྩོད་ནུས་པ་ཆེར་གཏོང་བྱས་ཏེ་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོག་གནས་ཐུབ་པའི་བརྩོན་ལེན་བྱས་པའི་ངོས་འཛིན་བྱས་པ་རེད།
     ཤིས་ཉི་ཚན་རྩལ་སློབ་ཆེན་ཨོ་ཀྲུང་འབྲེལ་བའི་ཞིབ་འཇུག་ཁང་གི་དབུ་བཞུགས་ཞིབ་འཇུག་པ་ཧྲི་ཞུན་ཧྥོང་གིས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཁྲལ་བཅག་པ་ལས་དེས་ཁེ་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལས་ཞུགས་མང་དུ་གཏོང་ཐུབ་པ་དེས་དཔལ་འབྱོར་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་རྣམ་པ་ལེགས་སུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།
     ནི་ཀྲེ་རི་ཡའི་ཨ་པུའུ་ཅ་སློབ་ཆེན་ཆབ་སྲིད་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་ཞེ་ལི་ཧྥུའུ·ཅ་ལིས། ད་རེས་ཀྱི་ཁྲལ་རིན་གཉིས་གཅོག་དེ་བཟོ་སྐྲུན་ལས་རིགས་དང་། སྐྱེལ་འདྲེན་ལས་རིགས། ཨར་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས་སོགས་ཀྲུང་གོའི་དཔལ་འབྱོར་གྱི་ལས་རིགས་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐོག་ནས་སྲིད་གཞུང་གིས་ལས་རིགས་དེ་དག་གི་གནོན་ཤུགས་ཆུང་དུ་ཧུར་ཐག་གཏོང་བཞིན་ཡོད་པ་མ་ཟད་དཔལ་འབྱོར་བརྟན་པོ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པ་མཚོན་ཡོད་པའི་ངོས་འཛིན་གནང་བ་རེད།
     ཕྱི་རྒྱལ་གྱི་ལྟ་ཞིབ་མི་སྣས། དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག་ཀྲུང་གོ་སྲིད་གཞུང་གིས་མིག་སྔའི་ཁྲོམ་རའི་བྱེད་པོའི་དཀའ་གནད་ལ་ཐད་ཀར་ཕྱོགས་པ་ལས་སྲིད་གཞུང་གིས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱེད་པའི་ཆོད་སེམས་དང་སྙིང་རུས་གང་ལེགས་མངོན་པར་བྱས་ཡོད་ཅེས་བརྗོད་པ་རེད།