འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་12ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་
གསུམ་པ་འཚོགས་པ། 

དབང་དབྱང་ཚོགས་འདུར་ཞུགས་པ་དང་། ཨུ་ཡོན་15ཡིས་རིག་གནས་འཛུགས་སྐྱོང་དང་སྤྱི་ཚོགས་འཛུགས་སྐྲུན་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་12ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཞུགས་པ་དང་། ཨུ་ཡོན་15ཡིས་རིག་གནས་འཛུགས་སྐྱོང་དང་སྤྱི་ཚོགས་འཛུགས་སྐྲུན་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཧོང་ཁུན་མིང་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཕེབས་ཏེ་གཏམ་བཤད་གསན་པ་རེད།
     ཨུ་ཡོན་ཡའོ་ཨའེ་ཤིང་གིས་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཚབ་གནང་སྟེ་གཏམ་བཤད་སྤེལ་སྐབས་ཉེ་བའི་ལོ་ཤས་རིང་རང་རྒྱལ་དུ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རིན་ཐང་འཛིན་ཕྱོགས་མངོན་པ་མ་ཟད་སྒྱུ་རྩལ་ཆུ་ཚད་ཀྱང་ཅུང་མཐོ་ཞིང་ལྟད་མོ་བའི་དགའ་བསུ་ཐོབ་པའི་རིག་གནས་ཐོན་རྫས་ཕུལ་བྱུང་ཁག་གཅིག་ཐོན་ཡོད། ཡིན་ནའང་ད་དུང་དགོད་བྲོ་བྲོ་ཙམ་ལས་གོ་དོན་ཟབ་པོ་མེད་པ་དང་མ་རབས་ཐ་ཤལ་གྱི་རིག་གནས་ཐོན་རྫས་ཁག་གཅིག་ཀྱང་ཐོན་པ་མཐོང་ཐུབ་དགོས། དེར་བརྟེན་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་སྣང་ཆེན་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་རླབས་ཆེའི་གྲུབ་འབྲས་ལ་བསྟོད་གླུ་འབུལ་རྒྱུ་མཐའ་འཁྱོངས་བྱས་ཏེ་རིག་གནས་ཐོན་རྫས་ཕུལ་བྱུང་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གི་ཀྲུང་གོའི་བསམ་པ་སྐྱོང་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་ཐེན་ཀང་གིས་དམངས་གཙོ་མནའ་འབྲེལ་ཚོགས་པ་ཀྲུང་དབྱང་གི་ཚབ་གནང་སྟེ་གཏམ་བཤད་སྤེལ་སྐབས་དགེ་རྒན་ནི་སློབ་གསོ་སྐྱོང་མཁན་གྱི་རྩ་བ་དང་སློབ་གསོ་སྤེལ་མཁན་གྱི་འབྱུང་རྩ་ཡིན་པས་དགེ་རྒན་དཔུང་ཁག་དོ་དམ་གྱི་ལམ་སྲོལ་སྒྱུར་བཅོས་ཟབ་གཏོང་དང་། དགེ་རྒན་གྱི་ཐོབ་ཐང་དང་སྤྱི་ཚོགས་གནས་བབ་མཐོར་གཏོང་། རྒྱལ་ཁབ་རིམ་པའི་དགེ་རྒན་གྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ཕྱོགས་བཞིའི་ཐད་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དེ་བས་ལེགས་པ་རྒྱག་དགོས་ཞེས་གསུངས་པ་རེད།
    ཨུ་ཡོན་རའོ་ཙེ་ཧོ་ཡིས་གཏམ་བཤད་སྤེལ་སྐབས“ཚན་རིག་གི་རྩིག་རྨང”བརྟན་དུ་བཏང་ནས་རང་རྒྱལ་གྱི་གཙོ་གནད་ལག་རྩལ་གྱི“འཇུར་མིག”གནད་དོན་སེལ་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་གཙོ་བོ་ཚང་མས་རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་གི་ཡོད་པས་ང་ཚོས་ངེས་པར་དུ་རྨང་གཞིའི་ཞིབ་འཇུག་གི་ཞན་ཆ་གང་མགྱོགས་གསབ་དགོས། ཚན་རྩལ་ལས་དོན་པས་རྒྱལ་ཁབ་ཀྱི་ཚན་རིག་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་དང་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་དམིགས་ཚད་ཕྱོགས་སུ་སྐྱོད་དགོས་ཞེས་གསུངས་པ་རེད།
    ཨུ་ཡོན་ལི་གཡན་ཧུང་གིས་གཏམ་བཤད་སྤེལ་སྐབས་མིག་སྔར་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་དུས་འགོར་གནས་ཡོད་ནའང་འཕོ་འགྱུར་གྱི་སྟོབས་ཤུགས་ཆེན་པོ་མངོན་ཡོད། རིག་ཚན་ཁྱབ་ཁོངས་ལས་བརྒལ་བའི་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་། མི་ཐབས་རིག་ནུས་ཁེ་ལས་ཀྱི་འཐུས་མི། ལས་རིགས་ཀྱི་འཛད་སྤྱོད་པ། སྤྱི་དམངས་སོགས་འབྲེལ་ཡོད་ཕྱོགས་སྒྲིག་འཛུགས་ཀྱིས་མི་ཐབས་རིག་ནུས་ཀྱི་མི་ཆོས་ཞིབ་འཇུག་དང་རྩེ་རིམ་ཇུས་འགོད་བྱས་ནས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རེས་སྐོར་གསར་པའི་ལག་རྩལ་གསར་བརྗེའི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་ཝང་དབྱི་མིང་གིས་གཏམ་བཤད་སྤེལ་སྐབས་ལས་ཞུགས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི“དོན་ཆེན་གཙོ་བོ”དེ་རེད། “ལས་ཞུགས་བརྟན་པོའི”ལས་འགན་དོན་འཁྱོལ་ཡག་པོ་བྱེད་པར་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་གནོན་ཤུགས་ལ་དམིགས་པ་དང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་མི་ཚོགས་ལ་དོ་ཁུར་བྱེད་པ། གཙོ་གནད་ལས་རིགས་ལ་ལས་ཞུགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ས་ཁུལ་ལ་ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་མི་ཚོགས་ལ་ལས་ཞུགས་ཀྱི་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བརྒྱུད་སྲིད་ཇུས་ཀྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
    ཨུ་ཡོན་ཅའོ་ཧུང་གིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་གནང་སྟེ་གཏམ་བཤད་སྤེལ་སྐབས་རང་རྒྱལ་གྱི་སྐྲན་ནད་འགོག་བཅོས་སྤྱིའི་ཆར་དོ་སྙོམས་པོ་མེད་པ་དང་འཐུས་སྒོ་ཚང་པོ་མེད་པས་བདེ་ཐང་ཀྲུང་གོའི་འཐབ་ཇུས་འཆར་འགོད་ལག་ལེན་བསྟར་རིང་སྐྲན་ནད་འགོག་བཅོས་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་རྒྱལ་ཁབ་ཀྱི་སྐྲན་ནད་འགག་སྒྲོལ་གྱི་བྱ་སྤྱོད་འཆར་གཞི་སྤེལ་འགོ་བཙུགས་ཏེ་འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། འགག་སྒྲོལ་གྱི་གཙོ་གནད་མངོན་གསལ་དོད་པོ། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐྲན་ནད་འགོག་བཅོས་ལམ་བུ་ཞིག་འཚོལ་ཞིབ་ཀྱིས་གཏོད་དགོས་ཞེས་གསུངས་པ་རེད།