འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་11ཉིན།

༄༅།།དགེ་རྒན་ནི་སློབ་གསོའི་རྩ་བ་དང་སློབ་གསོ་དར་བར་བྱེད་པའི་འབྱུང་རྩ་དེ་ཡིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་11ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་10ཉིན། ཨུ་ཡོན་ཐེན་ཀང་གིས་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཚོགས་ཆེན་གྱི་གཏམ་བཤད་གནང་སྐབས། ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གུང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་བཞག་ནས།  ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ་དང་། སློབ་གསོ་དང་དགེ་རྒན་ལ་སྔར་བྱུང་མྱོང་མེད་པའི་མཐོང་ཆེན་ཐོབ་ཡོད་བསྟན།
     དགེ་རྒན་གྱི་དཔུང་ཁག་སྔ་ལས་ལེགས་པའི་ངང་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་ཆེད། ཐེན་ཀང་གིས། གཅིག་ནས་དགེ་རྒན་གྱི་དཔུང་ཁག་དོ་དམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱ་དགོས་པ་དང་། དཔེར་ན་སྒྲིག་ཁོངས་དོ་དམ་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། བྱ་གཞག་ཚན་པའི་སྒྲིག་ཁོངས་བསྡོམས་འབོར་གང་འགབ་བྱས་ཏེ། དགེ་རྒན་གྱི་ཐོབ་ཐང་རྒྱུགས་སྤྲོད་སྲིད་ཇུས་འཐུས་ཚང་དུ་བཏང་ནས། དགེ་རྒན་གྱི་ཆོག་འཐུས་ལམ་ལུགས་འཐུས་ཚང་ཡོང་བ་བྱས་ཏེ། གྲོང་རྡལ་གྱི་ཕུལ་བྱུང་དགེ་རྒན་དང་སློབ་སྤྱི་སོགས་ཀྱིས་ཤང་དང་གྲོང་ཚོའི་སློབ་གྲྭ་དང་། ཆ་རྐྱེན་ཞན་པའི་སློབ་གྲྭར་སྤེལ་རེས་སོགས་བྱ་རྒྱུར་སྐུལ་མ་གཏོང་དགོས།
    གཉིས་ནས་དགེ་རྒན་གྱི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་གནས་བབ་མཐོ་རུ་གཏོང་དགོས་པ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གླ་ཕོགས་ཀྱི་ཡུན་ཕན་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཚུད་པའི་སློབ་ཁྲིད་ལོ་ཡུན་གྱི་ཕོགས་སྣོན་སྤྲོད་པའི་བྱ་ཐབས་དང་ཚད་གཞི་ལེགས་སྒྲིག་བྱེད་པ། དགེ་རྒན་གྱི་ཡོང་འབབ་བགོ་བཤའི་སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དགེ་རྒན་གྱི་རྒྱལ་ཁབ་ཀྱི་མཚན་སྙན་གཟེངས་བསྟོད་མ་ལག་འཐུས་ཚང་དུ་གཏོང་བ། གཟེངས་བསྟོད་ཀྱི་རིམ་པ་ཇེ་མཐོར་གཏོང་བ། དགེ་རྒན་གྱི་ལས་རིགས་ལ་མཚན་སྙན་ཐོབ་ཚོར་དེ་བས་མང་བ་སྤྲོད་དགོས།
      གསུམ་ནས་རྒྱལ་ཁབ་རིམ་པའི་དགེ་འོས་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་དགོས། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རྒྱལ་ཁབ་རིམ་པའི་དགེ་འོས་སློབ་གསོའི་རྟེན་གཞི་ཁག་གཅིག་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས་ཨང་དང་རིམ་གྱི་དགེ་འོས་སློབ་གླིང་དང་སློབ་གྲྭ་དང་དགེ་འོས་ཆེད་ལས་ཀྱི་འཛུགས་སྐྲུན་བྱེད་ནུས་ཇེ་མཐོར་གཏོང་དགོས།  མཐོ་རིམ་སློབ་གླིང་གིས་དགེ་འོས་སློབ་གསོ་གཉེར་བའི་སྒུལ་ཤུགས་ཇེ་མཐོར་བཏང་ནས་གོམ་གང་མདུན་སྤོས་ངང་དགེ་རྒན་གསོ་སྐྱོང་གི་སྤུས་ཚད་ཇེ་མཐོར་གཏོང་དགོས།
     བཞི་ནས་གྲོང་ཚོའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ཇེ་ཆེར་གཏོང་དགོས། དམིགས་བསལ་ལས་གནས་ཀྱི་འཆར་གཞི་ལག་བསྟར་གྱི་གཞི་ཁྱོན་རྒྱ་ཆེར་བཏང་ནས་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་སློབ་ཐོན་སློབ་མ་ཤང་དང་གྲོང་ཚོར་དགེ་རྒན་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་དགོས། ཤང་དང་གྲོང་ཚོའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་རིམ་བཞིན་ཇེ་མཐོར་བཏང་ནས་གཙོ་བོ་དབུལ་ཕོངས་ས་ཁུལ་དུ་རྒྱབ་སྐྱོར་བྱེད་དགོས། ཕྱོགས་བསྡུས་བྱ་དགའ་དང་ཁ་གསབ་སྤྲོད་ཤུགས་ཇེ་མཐོར་བཏང་ནས་ཀྲུང་དབྱང་གི་ཕྱོགས་བསྡུས་གཟེངས་བསྟོད་དང་ཁ་གསབ་བྱེད་པའི་ཚད་གཞི་མཐོ་ཤོས་ཇེ་མཐོར་གཏོང་དགོས། ཀྲུང་དབྱང་གི་ཕྱོགས་བསྡུས་བྱ་དགའི་ཁ་གསབ་ཀྱི་ཁྱབ་ཚད་རྒྱ་ཆེར་བཏང་ནས། འཚོ་བའི་ཁ་གསབ་སྤྲོད་པའི་སྲིད་ཇུས་ཀྱིས་དགེ་རྒན་གྱི་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་བྱ་རྒྱུར་འདེགས་སྐྱོར་གྱི་ནུས་པ་འདོན་ཐུབ་པ་བྱེད་དགོས།