འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་11ཉིན།

༄༅།།“གཞི་རིམ་གྱི་གསར་གཏོད་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་པ” 

—— འཐུས་མི་ཚོས་ཆེད་ལས་ཅན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལས་སྟེགས་མགྱོགས་མྱུར་སྐྱེད་སྲིང་བྱེད་རྒྱུའི་ཐད་གྲོས་བསྡུར་འཁྲུག་པོ་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་11ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་བཀོད་པས། གཞི་རིམ་གྱི་གསར་གཏོད་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ཕེ་གྲོང་ཁྱེར་གྱི་ཧྲི་ཀྲང་ལི་ཡུན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། ས་གནས་སྲིད་གཞུང་གིས་ཆེད་ལས་ཅན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལས་སྟེགས་མགྱོགས་མྱུར་སྐྱེད་སྲིང་བྱས་ཏེ་རང་འགུལ་ངང་གཞན་སྒྱུར་གྱི་ལམ་བུ་ལེགས་པར་བཤངས་ནས་ཚན་རྩལ་གྲུབ་འབྲས“ཚོད་ལྟ་ཁང”ནས“བེད་སྤྱོད་ཁྱབ་ཁོངས”སུ་བསྐྱོད་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས།
     ལི་ཡུན་གྱིས་འདི་ལོའི་ཚོགས་འདུ་གཉིས་མ་འཚོག་གོང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཉེར་སྤྱོད་ལ་བརྟག་ཞིབ་གཏིང་ཟབ་གནང་ཞིང་། བརྟག་ཞིབ་གནང་རིང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་བརྒྱུད་རིམ་ནང་མཚམས་སྦྱོར་ཁྲོམ་ར་འཐུས་ཚང་མེད་པ་དང་ཚན་ཞིབ་ཚན་པ་ལ་ལར་ནང་ངོས་ཀྱི་ཚོད་འཛིན་མང་བ་སོགས་ཀྱི་དབང་གིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་སྲིད་ཇུས་དོན་འཁྱོལ་བྱེད་འགོར་བའི་སྐོར་ཤེས་རྟོགས་བྱུང་བ་དང་། ཁོང་གིས་ས་གནས་སྲིད་གཞུང་གིས་ཆེད་ལས་ཅན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་མཚམས་སྦྱོར་སྒྲིག་གཞི་མགྱོགས་མྱུར་སྐྱེད་སྲིང་བྱེད་པ་དང་། དྲ་ཐོག་དང་དྲ་འོག་ཟུང་འབྲེལ་གྱི་ལག་རྩལ་སྤེལ་རེས་སྟེགས་བུ་བསྐྲུན་ཏེ་ས་ཁོངས་རང་བཞིན་གྱི་གསར་གཏོད་ཐོན་ཁུངས་ཉོ་ཚོང་ཁྲོམ་ར་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་རེད།
     ལི་ཡུན་གྱིས་ད་ཆ་རྒྱལ་ཡོངས་ཀྱི་ས་གནས་ཕལ་ཆེ་བར“སློབ་གྲྭ་དང་ས་གནས”མཉམ་ལས་ཀྱི་མཐུན་སྦྱོར་གསར་གཏོད་ལས་སྟེགས་བསྐྲུན་ཡོད་པ་དང་། ས་གནས་སྲིད་གཞུང་གིས་མཐོ་སློབ་དང་ཁེ་ལས་ལ་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། བྱ་བ་གང་སྒྲུབ་ཀྱང་སྔོན་ལ་བསམ་བློ་གཏོང་དགོས། དཔེར་ན་ཚན་ཞིབ་མི་སྣས་གྲུབ་འབྲས་གཞན་སྒྱུར་བྱེད་སྐབས་འཕྲད་པའི་དཀའ་ངལ་དང་། བཀོལ་སྤྱོད་ཁྱབ་གདལ་ཐད་འཕྲད་པའི་དཀའ་ངལ་སོགས་ལ་སྲིད་གཞུང་གིས་རང་འགུལ་ངང་ལས་དོན་སྒྲུབ་པ་དང་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་དགོས་ཞེས་གསུངས།
     ལི་ཡུན་གྱིས་ས་གནས་ཀྱི་གསར་གཏོད་ལག་ལེན་དང་ཟུང་འབྲེལ་གནང་སྟེ། 2018ལོར་རང་རྒྱལ་གྱི་ཚན་རྩལ་གྲུབ་འབྲས་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པ་དཔེར་ན། ཧོ་ཕེ་གྲོང་ཁྱེར་དུ་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ཚད་རྡུལ་རྩིས་རྒྱག་འཕྲུལ་འཁོར་གྱི་ཚོད་འཛིན་མ་ལག་ཐོག་མ་བཟོས་པ་སོགས་རེད། ཐོག་མའི་གསར་གཏོད་ལ་ཤུགས་སྣོན་རྒྱག་པའི་ཐད་ངེས་པར་དུ་ཕུགས་ལ་དམིགས་དགོས་པ་ལས། མིག་རྒྱང་ཐུང་ཐུང་བྱེད་མི་རུང་ཞེས་གསུངས།
     “སྙན་སྒྲོན་ནང་ཐོག་མའི་གསར་གཏོད་དམིགས་སུ་བཀར་ནས་ནན་བཤད་གནང་སྐབས་ང་ཚོ་ཚན་ཞིབ་མི་སྣའི་ངོས་ནས་བརྗོད་ན། ཕྲག་ཐོག་གི་འགན་འཁྲི་ལྕི་རུ་སོང་བའི་ཚོར་སྣང་འདུག”ཅེས་འཐུས་མི་པའོ་ཤིན་ཧོ་ཡིས་སྙན་སྒྲོན་ནང་བཏོན་པའི“རྨང་གཞིའི་ཞིབ་འཇུག་རྣམ་གྲངས་ཀྱི་གཞན་རྒྱུད་གྲོན་དངུལ་གྱི་བསྡུར་ཚད་སྔར་བས་མང་དུ་བཏང་སྟེ། རྣམ་གྲངས་ཀྱི་གྲོན་དངུལ་སྤྱོད་པའི་ཐད་འགན་གཙང་ལམ་ལུགས་ཀྱི་སྒྱུར་བཅོས་ཚོད་ལྟ་བྱེད་དགོས”ཞེས་བཏོན་ཡོད་པ་དེར་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད་ལ། རྣམ་གྲངས་ཀྱི་གྲོན་དངུལ་སྤྱོད་པའི་ཐད་ཡུན་རིང་ལྷག་པའི་གནད་དོན་གསལ་པོར་བཏོན་པས་ཚན་ཞིབ་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་སྐུལ་ལྕག་ཐེབས་ངེས་རེད་ཅེས་གསུངས།