འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་11ཉིན།

༄༅།།ཧན་ཁྲང་ཧྥུའུ་ཡིས་གསུངས་དོན། འདི་ལོ་ཀྲུང་དབྱང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་
བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་11ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་བགྲོད་ལམ”དུ་ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་འདི་ལོ་ཀྲུང་དབྱང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་འདེབས་མཁན་ལ་མུ་མཐུད་ཁ་གསབ་སྤྲོད་རྒྱུ་མ་ཟད་ཆུ་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་བརྟན་པོ་ཡོང་བ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཧན་ཁྲང་ཧྥུའུ་ཡིས་ན་ནིང་རང་རྒྱལ་གྱི་འབྲུ་རིགས་ཐོན་འབོར་ཆག་ནའང་ཆག་ཚད་ཆེན་པོ་མིན་པ་དང་། 2017ལོ་དང་བསྡུར་ན་རྒྱ་མ་དུང་ཕྱུར་74ཉུང་དུ་ཕྱིན་པ་དང་བལྟོས་བཅས་ཀྱི་སྤྱིའི་ཐོན་འབོར་0.6%བཟུང་ཡོད། གཙོ་བོ་ནི་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་རང་འགུལ་ངང་ཉུང་འཕྲི་སྙོམ་སྒྲིག་ལ་སྐུལ་འདེད་བཏང་བའི་འབྲས་བུ་ཡིན། དཔེར་ན་རང་རྒྱལ་བྱང་རྒྱུད་ཀྱི་འབྲུ་རིགས་འདེབས་ཁུལ་གྱི་མ་རྨོས་ལོ་ཏོག་ཉུང་དུ་བཏང་ནས་སྲན་ཆེན་དང་། ཞོག་ཁོག གཟན་རྩྭ་སྤུས་ལེགས་སོགས་འདེབས་ཚད་མང་དུ་བཏང་བས་དོན་དངོས་ཐོག་སྤྱོད་གོ་ཆོད་པའི་མཁོ་སྤྲོད་འཕར་ཡོད། རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་ལོ་4བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་བརྟན་པོ་བྱུང་བ་དང་འཕར་ཆག་ཆེན་པོ་བྱུང་མེད་ཅེས་གསུངས་པ་རེད།
     “ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འབྲུ་རིགས་ཀྱི་ཐོན་ཚད་བརྟན་དུ་གཏོང་དགོས་ཞེས་བཏོན་ཡོད། ངས་དཔལ་འབྱོར་ཉམས་རྒུད་དང་ཟོག་གོང་འཕར་བའི་སྐྱོན་ཆ་གཉིས་སྔོན་འགོག་བྱེད་དགོས་པར་གོ་བ་བླངས་ཀྱི་ཡོད། འདི་ལོ་འབྲུ་རིགས་ཐོན་སྐྱེད་ཐད་ཐོན་ཚད་བརྟན་པོ་དང་། རྒྱ་ཁྱོན་བརྟན་པོ། སྲིད་ཇུས་བརྟན་པ་བཅས་ཡོང་བ་བྱེད་དགོས”དུས་ཡུན་རིང་འབྲིང་གི་ཐད་ནས་བཤད་ན། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་ལག་བསྟར་དང་། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་ཟོག་གལ་ཆེན་གྱི་ཐོན་སྐྱེད་སྲུང་སྐྱོང་ཁུལ་འཆར་འགོད་ཡག་པོ་དང་འཛུགས་སྐྲུན་ཡག་པོ། སྲིད་ཇུས་ཐད་ཞིང་པས་འབྲུ་རིགས་འདེབས་པའི་ཧུར་བརྩོན་དང་ས་གནས་སྲིད་གཞུང་གིས་འབྲུ་རིགས་ལ་དམ་འཛིན་བྱེད་པའི་ཧུར་བརྩོན་རང་བཞིན་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་ཞེས་གསུངས་པ་རེད།