འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་11ཉིན།

༄༅།།འགན་འཁྲི་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ངོམ། 

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཧོ་ནན་གྱི་རིགས་ཁོངས་ཁག་ཏུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་11ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་གི་གསར་འགོད་པ། མཱ་གཡོད་ཧྥུང་དང་ཀྲུའུ་ཕེ་ཞན།  
      འབྲུ་རིགས་བདེ་འཇགས་འགན་ལེན་བྱས་ནས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བ།
     “ཞིང་ལས་ཐོན་ཟོག་གལ་ཆེན་དང་ལྷག་པར་དུ་འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་ལས་འགན་ཨང་དང་པོ་དེ་ཡིན”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་རྗེས་ཡུང་ཁྲེང་གྲོང་ཁྱེར་ཤིན་ཆོན་ཁྱིམ་ཚང་ཞིང་རའི་འགན་ཁུར་བ་ལིའུ་ཤིན་ཆོན་ཡིད་ཆེས་ལྡབ་འཕར་བྱུང་ཡོད། ན་ནིང་ཁོང་གིས་སྤུས་ལེགས་གྲོ་མུའུ་2500བཏབ་པར་མུའུ་རེའི་ཡོང་འབབ་དེ་སྤྱིར་བཏང་གི་གྲོ་བཏབ་པ་ལས་སྒོར་120མང་དུ་ཕྱིན་ཡོད། ཡོང་འབབ་འཕར་སྣོན་བྱུང་རྗེས་ཁོང་གིས་བརྒྱུད་བཤུག་བཏང་བའི་མུའུ་3268ཡོད་པ་ཚང་མར་སྤུས་ལེགས་གྲོ་བཏབ་པ་དང་ཆབས་ཅིག་བཟའ་བཅའ་ཀུང་སི་ཞིག་དང་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་ནས་རྒྱ་མ་རེའི་རིན་གོང་དེ་ཁྲོམ་རའི་རིན་གོང་ལས་སྒོར་0.24མཐོ་བ་ཡོད། “འདི་ལོ་ཆར་ཆུ་དུས་སུ་བབས་པས་གྲོའི་བསྡུ་འབབ་ཡག་པོ་ཡོང་སྲིད”
      ཀྲུའུ་མཱ་ཏན་གྲོང་ཁྱེར་གྱི་ཧྲི་ཀྲང་འཐུས་མི་ཀྲུའུ་ཧྲི་ཤིས་ཀྱིས“ཀྲུའུ་མཱ་ཏན་གྱིས《རྒྱལ་ཡོངས་སུ་འབྲུ་རིགས་རྒྱ་མ་དུང་ཕྱུར་1000གསར་འཕར་ཡོང་བའི་ཐོན་སྐྱེད་བྱེད་ནུས་ཀྱི་འཆར་འགོད(2009ནས་2020ལོ་བར)》ལག་ལེན་བསྟར་རིང་ལས་འགན་རྒྱ་མ་དུང་ཕྱུར་39སྒྲུབ་འགན་ཁུར་ཡོད། གོམ་སྟབས་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་དགོས”ཞེས་གསུངས་པ་རེད།
     “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནན་ཏན་ངང་ཉན་པ་དང་ལྷག་པར་དུ‘རྩལ་བརྟེན་འབྲུ་གསོག’སྐོར་གྱི་བླང་བྱ་ཉན་སྐབས་ངའི་ཕྲག་སྟེང་གི་འགན་འཁྲི་དེ་ཧ་ཅང་ལྕི་པོ་ཡིན་པའི་ཚོར་སྣང་བྱུང”ཞེས་ཧོ་ནན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཞིབ་འཇུག་པ་འཐུས་མི་ཞུས་ཝེ་ཀང་གིས་དེ་སྔ་ཚོགས་པའི་སྣེ་ཁྲིད་དེ་གྲོའི་སྣ་ཁ་མང་པོ་ཞིག་གསར་སྤེལ་བྱེད་མྱོང་ཡོད། ཁོང་གིས“མིག་སྔར་ང་ཚོས་གསར་དུ་འདེམས་གསོ་བྱས་པའི་ལོ་ནད་དང་གནོད་འཚེ་འདྲ་མིན་འགོག་ནུས་ལྡན་པའི་གྲོའི་རིགས་ལ་ཞིང་སྨན་སྤྱོད་ཚད་ཉུང་དུ་དང་སྦགས་བཙོག་གི་གཞི་རྒྱ་ཆུང་དུ་གཏོང་རྒྱུའི་ཐད་རྒྱལ་ཁབ་ཀྱི་ཞིབ་བཤེར་གཏན་འབེབས་བྱུང་ཡོད། གོམ་སྟབས་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་སྔར་བས་དོན་འཁྱོལ་ཐོག་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་རྩལ་བརྟེན་འབྲུ་གསོག་ལ་སྐུལ་མ་གཏོང་དགོས”ཞེས་བརྗོད།
     ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས”ཞེས་ནན་བཤད་གནང་བ་དེས་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་འཐུས་མི་ཀྲང་ལུའེ་མིང་ལ་ཁ་ཕྱོགས་སྔར་བས་ཁ་གསལ་བ་དང་འགན་འཁྲི་སྔར་བས་ལྕི་བའི་མྱོང་ཚོར་ཟབ་མོ་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ཕིང་ཏིང་ཧྲན་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་འཁོར་སྐྱོད་ཞིང་ལས་དང་། སྤུས་རྟགས་ཞིང་ལས། མཐུན་སྦྱོར་ཞིང་ལས་བཅས་གོང་འཕེལ་ཤུགས་ཆེན་བཏང་བས་རྒྱལ་ཁབ་ཀྱི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་དང་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་སྔོན་བསྐྱོད་ཁུལ་ལ་གཏན་འཁེལ་བྱས་ཡོད་པ་རེད།
     ཀྲང་ལུའེ་མིང་གིས་ཕིང་ཏིང་ཧྲན་གྱིས་འདེབས་འཛུགས་དང་གསོ་སྤེལ་ཟུང་འབྲེལ་གྱི་འཁོར་སྐྱོད་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ་དང་། ཞིང་འབྲོག་ཕྱོགས་བསྡུས་ཀྱི་ཕན་འབྲས་ནི་འདེབས་འཛུགས་ཁོ་ནའི་ལྡབ་10ཙམ་རེད། བྱ་ཐབས་འདི་རིགས་ཀྱིས་ཞིང་ལས་ཐོན་ཟོག་གི་སྤུས་ཚད་མཐོར་གཏོང་དང་ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་ཕྱིན་ཡོད། “གོམ་སྟབས་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་དེང་རབས་ཀྱི་འཁོར་སྐྱོད་ཞིང་ལས་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་གཏོང་དགོས”ཞེས་བརྗོད། 
     “ལྗང་མདོག་འཕེལ་རྒྱས་ནི་བཟའ་བཅའི་ཁེ་ལས་ཀྱི་སྲོག་རྩ་ཡིན་ཞིང་། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་མི་སེར་ཚོར་བློ་བདེའི་ཞིང་ལས་ཐོན་ཟོག་མཁོ་འདོན་བྱེད་དགོས”ཞེས་མུ་ཡོན་བཟའ་བཅའ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་འཐུས་མི་ཆིན་དབྱིན་ལིན་གྱིས་བརྗོད་ཅིང་། ཁོང་གིས་མུ་ཡོན་ཀུང་སིར་རྒྱལ་ཁབ་རིམ་པའི་ཕག་པ་གསོ་སྤེལ་ལྟེ་གནས་ཡོད་པ་དང་། འདེབས་འཛུགས་དང་གསོ་སྤེལ་གྱི་འཁོར་སྐྱོད་བརྒྱུད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ་ལས་རིགས་ཀྱི་སྣེ་ཁྲིད་པར་གྱུར་ཡོད་ཅེས་བཤད་པ་དང་། ཞིང་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་གི་ངོས་ནས་གསོ་སྤེལ་ལས་རིགས་ཀྱིས་དེང་རབས་ཚན་རྩལ་གྱི་བྱ་ཐབས་དང་ནུས་པ་ཆེ་རུ་བཏང་ནས་ལས་ཕྱོད་དེ་བས་ཆེ་བ་དང་། མ་གནས་དེ་བས་དམའ་བ། ཁོར་ཡུག་དེ་བས་ལེགས་པ་བཅས་ཡོང་བར་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
     གྲོང་གསེབ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ།
      “སྤྱི་ཁྱབ་ཧྲུའུ་ཅིས་བྱ་ཐབས་ནུས་ལྡན་ཏན་ཏིག་སྤྱོད་པ་དང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་འཇོན་ཐང་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཧྲག་འདེམས་བྱེད་པ། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ལ་བཅོས་སྒྲིག་བྱེད་པ། ཡུལ་མིའི་རང་སྐྱོང་ལག་ལེན་ཟབ་ཏུ་གཏོང་བ། གྲོང་ཚོ་རིམ་པའི་དབང་ཆར་ལྟ་སྐུལ་ནུས་ལྡན་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་གསུངས་པ་ནི་ང་ཚོས་བསམ་པ་དང་ཡོངས་སུ་མཐུན”ཞེས་ལན་ཁའོ་རྫོང་དབྱི་ཧྥུན་ཤང་ཏའེ་ཀྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཏའེ་ཡུས་ཅན་གྱིས་བརྗོད་ཅིང་། ཁོང་གིས“ང་ཚོའི་གྲོང་ཚོས་དེ་ལྟར་ལག་ལེན་དུ་བསྟར་ནས་འཕེལ་རྒྱས་བྱུང་བ་རེད”ཅེས་བརྗོད།
     ལོ་ཤས་གོང་། ཏའེ་ཀྲོང་གྲོང་ཚོ་ནི་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་ཞིག་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྲག་འདེམས་དང་ཏང་ཡོན་ལས་བྱེད་པ་གཞོན་སྐྱེས་བསྡུས་པ་བརྒྱུད་ཏའེ་ཀྲོང་གྲོང་ཚོས་ལོ་གཅིག་ཁོ་ནར་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཞྭ་མོ་ཕུད་ཡོད། ལོ་ཤས་རིང་ཏའེ་ཀྲོང་གྲོང་ཚོར་གོང་ཞུ་བྱེད་པའི་གནད་དོན་གཅིག་ཀྱང་ཐོན་མེད། “འདིའི་ཐབས་མཆོག་གཙོ་བོ་ནི‘གྲོས་བཞི་ཡོངས་བསྒྲགས་གཉིས’ཀྱི་ལམ་ལུགས་རེད། བྱ་བ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་མི་སེར་དང་འབྲེལ་བ་ཡོད་པའི་བྱ་བ་ཞིག་ཡིན་ཚེ། ང་ཚོས་ཏང་ཡོན་འཐུས་མིའི་ཚོགས་འདུ་འཚོགས་ནས་ཚང་མས་ཐག་གཅོད་ཀྱི་ཡོད”ཅེས་ཏའེ་ཡུས་ཅན་གྱིས་བརྗོད།
     ཧོ་ནན་དགེ་འོས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ཀྲའོ་གོ་ཞང་གིས“མེ་འཁོར་མྱུར་དུ་འགྲོ་ཐུབ་པ་དེ། འཁོར་མགོས་དྲུད་ལ་བརྟེན་པ་ཡིན། ‘ཞིང་གསུམ’ལས་དོན་ཡག་པོ་བསྒྲུབས་ནས་གྲོང་གསེབ་དར་རྒྱས་ཡོང་བར་བྱེད་པར། མེ་འཁོར་གྱི་མགོ་ནི་གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཡིན་པས་ངེས་པར་དུ་ཧྲག་འདེམས་བྱེད་དགོས”ཞེས་བརྗོད།
     སྒྱུར་བཅོས་གཏིང་ཟབ་བྱེད་པའི་ཐབས་མཆོག་ཡག་པོ་སྤྱད་དེ་གྲོང་གསེབ་དར་རྒྱས་ཀྱི་ནང་སྐྱེས་གསོན་ཤུགས་འཕེལ་བར་བྱེད་པ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་གཏིང་ཟབ་བྱེད་པའི་ཐབས་མཆོག་འདི་ཡག་པོ་སྤྱོད་པ”དང“ཤེས་ལྡན་མི་སྣ་དང་། ས་ཞིང་། མ་རྩ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོར་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་དབར་ཕྱོགས་གཉིས་པོའི་འཁོར་རྒྱུག་དང་འདྲ་མཉམ་བརྗེ་རེས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་དར་རྒྱས་ཀྱི་ནང་སྐྱེས་གསོན་ཤུགས་འཕེལ་བར་བྱེད་དགོས” “ང་ཚོས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་གི་མི་དམངས་དང་མཉམ་དུ་ཤིང་སྐྱུ་རུའི་སྣུམ་གྱི་བྱ་གཞག་སྒྲུབ་བཞིན་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་བཤད་གལ་ཆེན་གྱིས་ང་ཚོར་ལྕག་སྐུལ་ཆེན་པོ་བཏང་གནང་བ་ཞིག་རེད” ཧོ་ནན་ལིང་རུའི་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་འཐུས་མི་ཞུང་ཝེ་ཀྲེང་གིས་ཡུན་རིང་ཏ་པའེ་ཧྲན་གསར་བརྗེའི་རྟེན་གཞི་ཁུལ་རྙིང་ཤིན་དབྱང་གྲོང་ཁྱེར་ཤིན་རྫོང་དུ་གཞི་ཚུགས་པ་དང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པར་བརྟེན་རང་ཉིད་ཀྱིས་ལས་གཏོད་ཐེངས་གཉིས་པ་བྱེད་པའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་མ་ཟད། འཕེལ་རྒྱས་ཀྱི་དམིགས་ཚད་ཀྱང་དེ་བས་ཁ་གསལ་དུ་ཕྱིན་ཞིང་། “ཁེ་ལས་+མཉམ་ལས་ཁང་+ཞིང་དུད”ཀྱི་བྱ་ཐབས་བརྒྱུད་ཕ་ཡུལ་གྱི་ཤིང་སྐྱུ་རུའི་སྣུམ་འཛམ་གླིང་གང་སར་ཁྱབ་སྤེལ་གཏོང་གི་ཡིན་ཞེས་བརྗོད།
     གྲོང་གསེབ་ཀྱི་ས་ཞིང་སྒྱུར་བཀོད་ལས་ཕན་པ་ཐོབ་པ་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཧན་ཡུང་ཧུའེ་ཡིས་ཁྲང་ཡོན་རྫོང་ཧྥུན་ཞང་གྲོང་རྡལ་ནས་ས་ཞིང་མུའུ་60བོགས་མར་བླངས་ནས་འཕྲོད་བསྟེན་རྒྱུ་ཆ་བཟོ་གྲྭ་བཙུགས་ཡོད། སྔོན་ཆད་ཀྱི་སྲིད་ཇུས་གཞིར་བཟུང་ན་ཁོང་གིས་ངེས་པར་དུ་སྒོར་ཁྲི་བདུན་བརྒྱ་བརྒྱད་བརྒྱ་ཙམ་བཏང་ནས་ས་ཞིང་ཐེངས་གཅིག་ལ་ཉོ་དགོས། ད་ཆ་བོགས་གཏོང་གི་བྱ་ཐབས་བརྒྱུད་ལོ་གཅིག་ལ་སྒོར་ཁྲི་10ལྷག་ཙམ་ལས་སྤྲོད་དགོས་མེད། སྒྱུར་བཅོས་ལས་ཕན་པ་བྱུང་བའི་ཧན་ཡུང་ཧུའེ་ཡིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ནས“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ངའི་བློ་བདེ་པོ་བྱུང་བས། ངས་ཡང་འབད་བསྐྱར་འབད་ངང་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་ལམ་དུ་སྔར་བས་ཏན་ཏིག་གིས་སྐྱོད་ཀྱི་ཡིན”ཞེས་བརྗོད།