འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་11ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ། 

དབང་དབྱང་ཚོགས་འདུར་ཕེབས་པ་དང་ཨུ་ཡོན་14ཡིས་དཔལ་འབྱོར་འཛུགས་སྐྲུན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ།  

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་11ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཨུ་ཡོན་14ཡིས་དཔལ་འབྱོར་འཛུགས་སྐྲུན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཕེབས་པ་རེད། 
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཞུགས་ནས་གཏམ་བཤད་གསན་པ་རེད། 
     ཨུ་ཡོན་དབྱང་ཝུའེ་མིན་གྱིས་གཏམ་བཤད་གནང་སྐབས་གསུངས་དོན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་སྤྱིར་ན་བརྟན་པོ་ཡོད་ཅིང་། བརྟན་པོའི་ཁྲོད་དུ་འགྱུར་བ་འགྲོ་བ་དང་། འགྱུར་བའི་ཁྲོད་དུ་སེམས་ཁྲལ་ཡོང་བ། དེ་བཞིན་དཔལ་འབྱོར་ཆག་པའི་གནོན་ཤུགས་འཕྲད་མོད། འོན་ཏེ་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྩ་བའི་རྣམ་པར་འགྱུར་ལྡོག་བྱུང་མེད། ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཁྲོམ་རའི་བྱེད་པོའི་རྒྱུན་ཆད་མེད་པའི་གསར་གཏོད། མི་དམངས་དུང་ཕྱུར་མང་པོའི་ཐུན་མོང་འབད་བརྩོན་བཅས་ཡོད་པས་མིག་སྔའི་དཀའ་ངལ་ཁྱད་བསད་བྱས་ན་མདུན་ལམ་འོད་སྟོང་འཕྲོ་བ་ཞིག་ཡོང་ངེས་ཡིན། 
     ཨུ་ཡོན་ལིན་དབྱི་ཕུའུ་ཡིས་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་རིགས་ཁོངས་ཀྱི་ཚབ་ཞུས་ཏེ་གཏམ་བཤད་གནང་སྐབས་གསུངས་དོན། མིག་སྔར་འཛམ་གླིང་ཐོག་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་ཞིག་ཡོང་བཞིན་ཡོད། འགྱུར་ལྡོག་གང་ཞིག་བྱུང་ནའང་དེའི་ཁྲོད་དུ“ཉེན་ཁ”དང“གོ་སྐབས”མཉམ་གནས་རེད། དེར་ཁ་གཏད་ཡག་པོ་བཅག་ན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་གོ་སྐབས་ཆེན་པོ་ཐོབ་རྒྱུ་རེད། གལ་ཆེ་ཤོས་ཤིག་ནི་རང་ཉིད་ཀྱི་ལས་ཀ་ཡག་པོ་བྱེད་པ་དང་། 
     ངེས་ཤུགས་རྒྱུན་འཁྱོངས། འགལ་ཟླ་གཙོ་བོར་དམ་འཛིན། སྒྱུར་བཅོས་ཀྱི་ཚད་བརྒལ་ས་གནད་འཁེལ་འཚོལ་བ་བཅས་བྱས་ནས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དེ་རེད། 
     ཨུ་ཡོན་ཁྲེན་ཧྲོང་གིས་གཏམ་བཤད་གནང་དོན། དམངས་གཉེར་ཁེ་ལས་ཀྱིས་དུས་རབས་གསར་པར་བྱས་རྗེས་གསར་པ་ཡང་བསྐྱར་འཇོག་དགོས་པ་དང་། དམངས་གཉེར་ཁེ་ལས་མཁས་ཅན་གྱིས་གསར་གཏོད་པ་དང་འབད་འཐབ་པ་ཞིག་བྱེད་དགོས། དམངས་གཉེར་ཁེ་ལས་ལ་འཕྲད་པའི་དཀའ་ངལ་ནི་འཕེལ་རྒྱས་འགྲོ་རིང་གི་དཀའ་ངལ་དང་འཚར་ལོངས་བྱེད་རིང་གི་སུན་སྣང་ཞིག་རེད། དེས་ན་འགྲན་སློང་ཁྲོད་ནས་གོ་སྐབས་གསར་པ་རྙེད་པ་དང་ཐོབ་པར་བྱས་ཏེ་འབད་བརྩོན་ལ་བརྟེན་ནས་འཕེལ་རྒྱས་སྔར་བས་ཆེན་པོ་ཡོང་བར་བྱེད་དགོས། 
     ཨུ་ཡོན་ཏའེ་པེ་ཧྥང་གིས་གཏམ་བཤད་གནང་དོན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ། གྲུབ་འབྲས་བརྩོན་ལེན་དང་ཕམ་ཉེས་བཟོད་སྒོམ་གྱི་མི་ཆོས་ཀྱི་ཁོར་ཡུག་དང་། ནུས་པ་ལྡན་ལ་ཕན་འབྲས་ཐོན་པའི་སྲིད་ཇུས་ཀྱི་ཁོར་ཡུག དྲང་སྙོམས་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག ཤེས་ལྡན་པ་སྣ་ཚོགས་འབུར་དུ་ཐོན་པའི་འཚར་ལོངས་ཀྱི་ཁོར་ཡུག གསོན་ཤུགས་ཀྱིས་ཁེངས་པའི་ཕྱོགས་བསྡུས་གསར་གཏོད་ཀྱི་སྣོད་བཅུད་ཁོར་ཡུག་བཅས་གཏོད་དགོས། 
     ཨུ་ཡོན་ཧོང་ཤན་ཡའོ་ཡིས་གཏམ་བཤད་གནང་དོན། དབུལ་སྒྲོལ་འགག་སྒྲོལ་མཐའ་མའི་གདོང་མཆོང་གི་དུས་སུ་སླེབས་ཡོད་པས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དང་ཡིག་ཚགས་དང་གཱ་བཟོས་མེད་པའི་དུད་ཚང་དབར་གྱི་འབྲེལ་བ་སོགས“འབྲེལ་བ་ཆ་དྲུག”ཐག་གཅོད་ཡག་པོ་བྱེད་པར་སྣང་ཆེན་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་རོགས་སྐྱོར་ཁོ་ན་བྱེད་པར་སྣང་ཆེན་སོགས་ཀྱི“ཕྱོགས་ལྷུང་དྲུག”སྔོན་འགོག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དང་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། 
     ཨུ་ཡོན་ལིའུ་ཡུང་ཧའོ་ཡིས་གཏམ་བཤད་གནང་དོན། གྲོང་གསེབ་དར་རྒྱས་གཏོང་རིང་ཐོན་ལས་གོང་འཕེལ་ནི་གཙོ་གནད་ཅིག་རེད། ཐོན་ཁུངས་བསྡུ་རུབ་ཐུབ་པ་དང་། མ་རྩ་འཁོར་རྒྱུག་ཐུབ་པ། ཞིང་ལས་སྟོབས་ཆེར་འགྲོ་བ། གྲོང་གསེབ་མཛེས་སུ་འགྲོ་བ། ཤེས་ལྡན་པ་མང་དུ་འགྲོ་བ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ། གྲོང་གསེབ་དར་རྒྱས་གཏོང་བའི་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
     ཨུ་ཡོན་ཅང་ཙུའོ་ཅུན་གྱིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གཏམ་བཤད་གནང་སྐབས། མཚོ་བོད་ས་མཐོ་ནི་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་ཞིག་རེད། སྣོད་བཅུད་བདེ་འཇགས་ཀྱི་ཚན་རིག་ཞིབ་འཇུག་དང་། ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་མ་ལག་དང་ནུས་པ་འཛུགས་སྐྱོང་། གནོད་འཚེའི་ཉེན་ཁར་ཚོད་སྐོར་དང་བརྡར་གཅོད་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས།