འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་8ཉིན།

༄༅།།མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་
རྨང་གཞི་བརྟན་པོ་འདིང་རྒྱུ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་08ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་གནང་རྒྱུར་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་2019ལོར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་གི་ཡིན་ཞེས་བཏོན་ཡོད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སུའུ་ཉིང་མ་རྐང་ཚོད་འཛིན་ཚོགས་པའི་ལས་འཛིན་དཔོན་ཀྲང་ཅིན་ཏུང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་བའི་དམིགས་ཚད་བཏོན་པ་ལས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཏང་དང་རྒྱལ་ཁབ་ཀྱི་ཆོད་སེམས་དང་ཡིད་ཆེས་མངོན་ཡོད་ཅེས་བཤད།
     མིག་སྔར་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། 2018ལོར་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1386དབུལ་སྒྲོལ་ཐུབ་པ་དང་། སྔོན་དཔག་ལྟར་ན། རྫོང་དབུལ་པོ་280ཙམ་དབུལ་ཞྭ་ཕུད་ཡོད། 2018ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲོང་གསེབ་མི་འབོར་དབུལ་པོ་2012ལོའི་ལོ་མཇུག་གི་མི་ཁྲི་9899ནས་མི་ཁྲི་1660བར་ཉུང་དུ་ཕྱིན་པ་དང་རིམ་རྩིས་བྱས་ན་མི་ཁྲི་8239ཉུང་དུ་ཕྱིན་ཡོད། དབུལ་པོ་ཐོན་ཚད་2012ལོའི་10.2%ནས་1.7%བར་ཆག་པ་དང་རིམ་རྩིས་བྱས་ན་བརྒྱ་ཆའི་གྲངས་8.5ཆག་ཡོད་པ་རེད།
     སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”མངོན་འགྱུར་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐག་གཅོད་དང“ཁུལ་གསུམ་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་དབུལ་སྒྲོལ་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་འབོར་དབུལ་པོར་འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་དགོས།
     “ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཐོབ་ཟིན་པའི་ལག་ལེན་ཉམས་མྱོང་གཅིག་སྡུད་བྱས་ཏེ། ད་ཆ་ལག་ལེན་བསྟར་བཞིན་པའི་ཚད་གཞི་གཞིར་བཟུང་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་བའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་རེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨན་ཧུའེ་ཞིང་ཆེན་ཞིང་ལས་ཚན་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲའོ་དབན་ཕིང་གིས་བཤད་ཅིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་བྱེད་སྐབས་དུད་ཚང་དབུལ་པོའི་ནང་སྐྱེས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཏེ་དངུལ་ཁུག་ལྗིད་ཏིག་ཏིག་དགོས་ལ་ད་དུང་རིག་གནས་ཤེས་བྱ་ཡང་ལྡན་དགོས་ཞེས་བཤད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པ་སུའུ་གོ་ཞ་ཡིས“ད་ལོ་ང་ཚོའི་ལས་དོན་ཕྱོགས་གཉིས་ལ་གཙོ་གནད་དོ་ཁུར་བྱེད་རྒྱུ་སྟེ། གཅིག་ནི་འགག་སྒྲོལ་དཀའ་སེལ་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་འབོར། ‘སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ’གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་རྒྱུ་དང་། གཉིས་ནི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་སྒྲོལ་བརྟན་པོ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་རྒྱུ་དེ་རེད”ཅེས་བཤད།