འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་8ཉིན།

༄༅།།འཐུས་མི་དང་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་08ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་འབད་འབུངས་སྟོབས་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་བྱས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་སླར་ཡང་འཕེལ་རྒྱས་གསར་པ་འགངས་ཆེན་བྱུང་ཡོད་ཅེས་བཏོན་པ་རེད། འཐུས་མི་དང་ཨུ་ཡོན་ཚོས་གྲོས་ཞིབ་དང་གྲོས་བསྡུར་གནང་སྐབས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཚོན་པ་དང་འདི་ལོའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་དང་བླང་བྱ་མཚོན་ཡོད་ཅེས་གསུངས་པ་རེད།
     ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་དགོས།
     “ཐོག་མཐའ་བར་གསུམ་དུ་ངེས་ཤུགས་དང་ཡིད་ཆེས་རྒྱུན་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཨུ་ཡོན་ལིན་དབྱི་ཕུའུ་ཡིས་འདས་ཟིན་པའི་ལོ་གཅིག་ནང་དཔལ་འབྱོར་ཕྱོགས་སྒྱུར་གྱི་དཀའ་ངལ་མངོན་གསལ་དོད་པའི་ཛ་དྲག་ཆེ་བའི་འགྲན་སློང་དང་འགལ་ཟླ་གསར་རྙིང་མཉམ་དུ་འཕྲད་པ་དང་། དུས་འཁོར་རང་བཞིན་དང་གྲུབ་ཆའི་རང་བཞིན་གྱི་གནད་དོན་གཅིག་ཐོག་གཅིག་རྩེག་ངང་འཕྲད་མོད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སྔར་བཞིན་གཞི་གྲངས་མཐོ་པོའི་སྒོ་ནས་སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་བས་གྲུབ་འབྲས་ཐོབ་སླ་བ་ཞིག་མ་ཡིན་ཞེས་གསུངས་པ་དང་ཁོང་གིས་འདི་ལོ་མུ་མཐུད་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ“སྲ་བརྟན་དང་། འཕར་བ། རིམ་སྤོར། ཤར་གཏོང”བཅས་ཀྱི་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ་གཞི་ཁྱོན་དེ་བས་ཆེ་བའི་དཔྱ་ཁྲལ་ཆག་ཡང་གཏོང་བ་དང་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་ཉུང་གཏོང་དོན་འཁྱོལ་གནད་སྨིན་ཐུབ་པའི་འགན་ལེན་བྱས་ཏེ་སྲིད་ཇུས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། “གསུམ་དོར་གཅིག་གཅོག་གཅིག་གསབ”ཀྱི་གྲུབ་འབྲས་སྲ་བརྟན་གཏོང་བ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ་བཅས་བྱས་ཐོག་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     “ཚན་རྩལ་གསར་གཏོད་ཀྱི་འགག་གནད་དེ་དམ་བཟུང་བྱས་ནས་སྔོན་སྒྲུབ་བྱ་སྤྱོད་ཡག་པོ་སྤེལ་ཚེ་གཞི་ནས་སྔོན་ལ་གོ་སྐབས་ཐོབ་པ་དང་ལེགས་ཆ་ཐོབ་ཐུབ”ཀྲུང་གོ་མཁའ་སྐྱོད་སྒུལ་བྱེད་འཕྲུལ་འཁོར་ཞིབ་འཇུག་སུའོ་ཡི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་གཞོན་པ་འཐུས་མི་ཧྲེན་ཞའོ་མིང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་རང་རྒྱལ་གྱི་གསར་གཏོད་ནུས་པ་དང་ལས་ཕྱོད་སྔར་བས་མཐོ་རུ་བཏང་བས་ན་ནིང་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་58%ལས་བརྒལ་བ་དང་ཀྲུང་གོའི་གསར་གཏོད་ཀྱིས“མྱུར་ཚད་མགྱོགས་པོ”ཡོང་བ་བྱས་མོད། འོན་ཀྱང་སྔར་བཞིན་རིག་པ་དྭངས་གསལ་ངང་ངོས་འཛིན་བྱེད་དགོས་པ་ཞིག་ནི། མིག་སྔར་རང་རྒྱལ་གྱི་འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཐད་གསར་གཏོད་ནུས་པ་མི་འདང་བ་དང་རྨང་གཞིའི་ཞིབ་འཇུག་གི་རྨང་གཞི་ཞན་ལ་གདིང་གཞི་བརྟན་པོ་མེད། དེས་ན་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ཤུགས་ཆེར་བཏང་ནས་སྣེ་འདྲེན་ཁེ་ལས་དང་མཐོ་སློབ་སློབ་གླིང་གིས་མཉམ་ཤུགས་འགག་སྒྲོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། རྨང་གཞིའི་ཞིབ་འཇུག་གི་རྣམ་གྲངས་ཀྱི་འགྲོ་གྲོན་གྱིས་བསྡུར་ཚད་བཟུང་ཚད་སྔར་བས་མཐོ་རུ་བཏང་སྟེ་ཐོག་མའི་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     གསོན་ཤུགས་འཕེལ་བར་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་རླུང་གཡོར་སླར་ཡང་སྒྲེང་དགོས།
     “གང་དུ‘གློད་སྡོམ་ཞབས’གསུམ་གྱི་སྒྱུར་བཅོས་ཡག་པོ་བྱས་པ་དེ་གར་ཁྲོམ་རའི་གསོན་ཤུགས་ཆེ་བ་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཡག་པོ་ཡོད”ཁྲུང་ཆིང་རུང་ཁྲང་ཆུས་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ཚའོ་ཆིང་ཡའོ་ཡིས་སྒྱུར་བཅོས་བྱས་པ་བརྒྱུད་ན་ནིང་ཆུས་དེ་ཡོངས་ཀྱིས་ཁེ་ལས་འཛུགས་པ་དང་། གཏན་འཇགས་རྒྱུ་ནོར་ཐོ་འགོད། ཨར་སྐྲུན་ཆོག་འཐུས་ཆ་སྙོམས་ངང་གཉེར་བའི་དུས་ཚད་ལོ་གོང་མ་ལས་ལས་ཀའི་དུས་ཚོད་3.52དང་། 2.08 26.5བཅས་སོ་སོར་ཐུང་དུ་བཏང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ནས་ཁྲོམ་རའི་བྱེད་པོ་13157གསར་འཕར་བྱུང་ཡོད། འོན་ཀྱང་སྡེ་ཚན་རེ་ཟུང་གིས་སྔར་བཞིན་ཆ་འཕྲིན་ཡོངས་བསྒྲགས་མི་བྱེད་པ་དང་གྲངས་གཞི་མཉམ་སྤྱོད་མི་བྱེད་པ་སོགས་ཀྱི་གནད་དོན་ལྷག་པ་དང་ཚན་པ་ཁ་ཤས་ཀྱིས་སྔར་བཞིན་དབང་ཆ་གཤམ་སྤྲོད་བྱེད་འདོད་མེད་པའི་ཁར་ཐ་ན་སྒྲིག་སྲོལ་གྱི་ཁྱབ་ཁོངས་མིན་པའི་ཕྱི་རོལ་དུ་ཞིབ་མཆན་འགོད་ཀྱི་ཡོད་ཅེས་གསུངས་པ་དང་ཁོང་གིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་བྱེད་པར་སྒུལ་བདེའི་དྲ་སྦྲེལ་གྱི་ལག་རྩལ་ལ་བརྟེན་ནས“གྲངས་གཞིའི་ཁེར་ཆགས་གླིང་ཕྲན”མེད་པ་བཟོས་ཏེ་ཐོན་ཁུངས་མཉམ་སྤྱོད་དང་ལས་སྒོ་མཐུན་སྦྱོར་ཐུབ་པ་བྱ་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།
     ཐེང་ཤུན་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཡིན་པའི་འཐུས་མི་མ་ཧོ་ཐེང་གིས《གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད》བཏོན་པ་དང་ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་ནས་ཁུག་ཆེན་ཁུལ་གྱི་འཛུགས་སྐྲུན་འཆར་འགོད་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོས་ཡོད། འབྱུང་འགྱུར་ཁུག་ཆེན་ཁུལ་དེ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་སུ་འཛུགས་སྐྲུན་བྱ་རྒྱུ་ཡིན་མོད། མིག་སྔར་ཁུག་ཆེན་ཁུལ་ནང་ངོས་ཀྱི་དྲ་སྦྲེལ་འབྲེལ་མཐུད་ཆུ་ཚད་སྔར་བཞིན་མཐོ་རུ་འགྲོ་རེ་ཡོད་ཅེས་གསུངས་པ་དང་ཁོང་གིས་ལེ་ལག་ཚང་བའི་སྲིད་ཇུས་དུས་ཐོག་ཏུ་བཏོན་ནས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དེ་བས་མང་བས་ཁུག་ཆེན་ཁུལ་དུ་ས་ཁོངས་ཀྱི་སྤྱི་ཁྱབ་པུའུ་འཛུགས་རྒྱུར་སྐུལ་མ་བཏང་སྟེ་ཁུག་ཆེན་ཁུལ་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     མི་མངོན་པའི་སྟོབས་ཤུགས་བཏོན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་གོམ་སྟབས་སྤོ་དགོས།
     “དམངས་འཚོ་འགན་ལེན་གྱི་དྲ་བ་དེ་བས་དམ་ཚགས་བཟོས་ཏེ་མང་ཚོགས་ལ་དངོས་ཕན་ཐོབ་པ་མ་ཟད་མང་ཚོགས་ཀྱིས་འཛད་སྤྱོད་དེ་བས་བྱེད་ཕོད་པ་བྱས་ཏེ་འཛད་སྤྱོད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས”ཧོ་ནན་གྱི་ཤིན་ཤང་ཧྥེ་ཀྲའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཐུས་མི་ཧྥེ་ཁྲུན་ལེང་གིས་ད་ཆ་ཧྥེ་ཀྲའི་སྡེ་ཁུལ་དུ་བུ་བཅོལ་ཁང་དང་། སློབ་ཆུང་། དངུལ་ཁང་། འཕྲོད་བསྟེན་ཁང་སོགས་གང་དགོས་དེ་འཛོམས་ཡོད་པ་མ་ཟད་ད་དུང་ཞིང་ཆེན་ལས་བཟོའི་སྨན་ཁང་གི་མཁོ་ཆོད་སྨན་པ་དང་བདེ་ཐང་གྲོས་མཐུན་བཞག་པས་སེམས་ཁྲལ་གང་ཡང་མེད་པ་དང་ཚང་མའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱང་འཕེལ་ཡོད་ཅེས་གསུངས་པ་དང་ཁོང་གིས་སྔར་བས་ཐབས་མང་མཉམ་སྤྱོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་ལྷག་པར་དུ་རོགས་སྐྱོར་བྱེད་ཤུགས་ཆེར་གཏོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་རིགས་ཀྱི་ཞིང་འབྲེལ་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་བྱས་ནས་གྲོང་གསེབ་ཀྱི་གྲོང་མིར་ཁེ་ཕན་ཐོབ་ཁྱོན་ཆེ་རུ་བཏང་ཐོག་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     “དབུལ་སྒྲོལ་ལམ་བུ་ཇི་ཙམ་མང་ནའང་ཐོན་ལས་ལ་བརྟེན་ནས་འབབ་འཕར་ཡོང་རྒྱུ་དེ་བློས་འཁེལ་ཤོས་ཡིན”ན་ནིང་ཡུན་ནན་ཡུང་ཧྲེང་རྫོང་སུང་ཕིང་གྲོང་ཚོས་གཡེར་མ་དང་། སྟར་ཁ། བོང་ནག་སོགས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ཞིང་པར་ཆ་སྙོམས་འབབ་འཕར་སྒོར་3800བྱུང་ནས་དུད་ཚང་49དབུལ་སྒྲོལ་ཐུབ་པས་གྲོང་ཚོའི་ཀྲུའུ་རེན་འཐུས་མི་ཧུའུ་ཧྲེང་པའོ་དགའ་ཚོར་ཆེན་པོ་སྐྱེས་ཡོད། ཁོང་གིས་འདི་ལོ་རྫོང་དེ་ཡོངས་སུ་དབུལ་སྒྲོལ་དང་དབུལ་ཞྭ་ཕུད་ཐུབ་པ་བྱེད་པར་ངེས་པར་དུ་མཁྲེགས་སར་གཏུག་ཕོད་པ་བྱེད་པ་དང་འབྲེལ་དབུལ་སྒྲོལ་ཐུབ་རྗེས་སླར་ཡང་དབུལ་པོར་བསྐྱར་ལོག་བྱ་རྒྱུ་བཀག་འགོག་བྱེད་དགོས། འཕེལ་རྒྱས་གཏོང་རིང་ས་གནས་ཁ་ཤས་སུ་ཐོན་ལས་ཀྱི་གཞི་ཁྱོན་ཆགས་ནས་ཐོན་ལས་རྐྱང་པ་ཅན་དུ་གྱུར་བའི་དབང་གིས་མཁོ་སྤྲོད་ལྷག་མ་ཐོན་པ་དང་ཕྱིར་ཚོང་དཀའ་བའི་གནད་དོན་འཕྲད་ཡོད་ཅེས་གསུངས་པ་དང་ཁོང་གིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་འགྱུར་ལྡོག་བཏང་ནས་ཁྲོམ་ར་དང་འབྲེལ་མཐུད་དེ་བས་ཡག་པོ་བྱས་ཏེ་ཁྱད་ཆོས་ལྡན་པའི་གྲོང་ཚོ་རེར་ཐོན་ཟོག་རེའི་ཐོན་ལས་འཕེལ་རྒྱས་བཏང་ནས་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།