འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་8ཉིན།

༄༅།།བོད་ཀྱི་འཕེལ་རྒྱས་ལ་ཀུན་གྱིས་དོ་སྣང་བྱེད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་08ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲི་ཞའོ་ཡུན་དང་ཞན་ཀན། 
     “འདས་ཟིན་པའི་ལོ་གཅིག་ནང་། བོད་ཀྱི་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུའི་ཐད་བྱེད་ཐབས་གང་ཞིག་སྤྱད་ཡོད་དམ”ཞེས་པ་དང་། “བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་མི་སེར་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་གང་ཞིག་ཐོབ་ཡོད་དམ” “བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐད་ཁྱད་ཆོས་ལྡན་པའི་བྱེད་ཐབས་གང་ཞིག་སྤྱད་ཡོད་དམ”ཞེས་པ་ལ་སོགས་ཟླ་3ཚེས་6ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་འཐུས་མི་ཚོགས་པས་སྤེལ་བའི་སྨྱན་སྦྱོར་ལ་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་ཐོག་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཚན་པ་65ཡི་གསར་འགོད་པ་120ལྷག་ཙམ་གྱིས་བོད་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོར་འཚང་ཁ་ཤིག་ཤིག་ངང་དྲི་བ་བཏོན་ནས་བོད་ཀྱི་འགྱུར་ལྡོག་དངོས་ཤེས་རྟོགས་བྱས་པ་རེད།
     གཅིག་འདོམས་བསྡུ་སྒྲིལ་མ་དངུལ་གྱི་80%ཡན་ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་འབོར་ལ་བཏང་བ།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས་སྤོབས་སེམས་ཆེན་པོའི་སྒོ་ནས་གསུངས་དོན། ན་ནིང་བོད་ཀྱི་ལས་དོན་གྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ་རེད། མི་འབོར་དབུལ་པོ་ཁྲི་18.1དབུལ་སྒྲོལ་བྱུང་བ་དང་། རྫོང་དབུལ་པོ་25དབུལ་ཞྭ་འབུད་བའི་ཚད་གཞིར་སླེབས་པ། དབུལ་སྒྲོལ་མ་ཐུབ་པའི་རྫོང་19ཡིས་དབུལ་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་གཏོང་བཞིན་ཡོད།
     ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་ཁུལ་གྱི་ས་ཁུལ་དབུལ་པོ་ཞིག་ཡིན་པའི་ངོས་ནས་བརྗོད་ན། བོད་ཀྱི་རྫོང་དང་ཆུས་74ཚང་མ་ནི་རྫོང་དབུལ་པོའི་ཁོངས་སུ་གཏོགས་ཀྱི་ཡོད། ཚོགས་རའི་ནང་གསར་འགོད་པ་ཚོས་འཚང་ཁ་ཤིག་ཤིག་ངང་ཚོད་རྩིས་ཤིག་བརྒྱབ་པ་སྟེ། “རྫོང་དང་ཆུས་བཅུ་ཆ་དྲུག་བདུན་ཙམ་ཞིག་ལོ་གཉིས་ནང་དབུལ་ཞྭ་ཕུད་པ་དང་ལོ་ལྟར་རྫོང་20ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད། དེ་ནི་གང་འདྲ་བྱས་ནས་བསྒྲུབས་པ་ཞིག་ཡིན་ནམ”ཞེས་གསར་འགོད་པའི་དོགས་འདྲིར་དམིགས་ཏེ་ཆེ་དགྲ་ལྷས་གདེང་ཚོད་ཡོད་པའི་སྒོ་ནས“ང་ཚོས་རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལས་དོན་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་བཟོས་ནས་རང་སྐྱོང་ལྗོངས་ཀྱི་གཅིག་འདོམས་བསྡུ་སྒྲིལ་མ་དངུལ་གྱི་80%ཡན་ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་འབོར་ལ་བཏང་སྟེ་རྦབ་རྡོ་གྱེན་འདྲིལ་དང་ལ་བརྒལ་ཉག་སྒྲོལ་གྱི་སེམས་ཤུགས་དང་སྙིང་རུས་ལ་བརྟེན་ནས་ཤིན་ཏུ་དབུལ་པོ་སེལ་རྒྱུའི་རྒྱལ་ཁ་ཕུ་ཐག་བཅད་ཡོད”ཅེས་གསུངས།
     ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་བཅས་བརྒྱུད་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།
     ཞན་ཆ་གསབ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།
     དབུལ་སྒྲོལ་ནི་གོམ་སྟབས་དང་པོ་ཞིག་རེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་བོད་ཀྱིས་ད་དུང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། འོ་ན་ལས་དོན་དེ་ཇི་ལྟར་བྱས་ནས་སྒྲུབ་བམ།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་དཔོན་ཕུར་བུ་དོན་གྲུབ་ཀྱིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་གཏམ་རྒྱུད་སྤྱད་ནས་ལན་འདི་ལྟར་བཏབ། “ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་དུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་ནས་ཁོང་ཚོར‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི’བསྔགས་སྐུལ་གནང་ཡོད། 
     ང་ཚོས་དེ་བརྗོད་དོན་གཙོ་བོར་བྱས་ནས་འཆར་འགོད་བཟོས་ཏེ་གྲོང་གསེབ་དར་རྒྱས་འཐབ་ཇུས་དེ་དབུལ་སྒྲོལ་འགག་སྒྲོལ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་གཙོ་གནད་ལས་དོན་དང་ཟུང་འབྲེལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སུ་ཤུགས་ཆེན་བཏང་ཡོད”ཅེས་གསུངས། ནག་ཆུ་འབྲི་རུ་རྫོང་ནས་ཕེབས་པའི་གཞི་རིམ་གྱི་འཐུས་མི་ཚེ་རིང་མཚོ་བརྟན་གྱིས“ང་ཚོའི་གྲོང་ཚོར་རྒྱ་ཆེ་བའི་ཨར་འདམ་གཞུང་ལམ་བཏིང་བ་དང་། གློག་བརྟན་པོ་ཞིག་སྤྱོད་རྒྱུ་བྱུང་བ། ཆུ་དྭངས་གཙང་ཞིག་འཐུང་རྒྱུ་བྱུང”ཞེས་གསུངས།
     ཞན་ཆ་གསབ་ནས་དར་རྒྱས་དོན་གཉེར་བྱེད། ད་ཆ་བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74དང་ཤང(གྲོང་རྡལ)697ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། སྒྲིག་ཚུད་གྲོང་ཚོ་99%ལ་རླངས་འཁོར་ཤར་གཏོང་ཐུབ་པ། ཤང་དང་གྲོང་རྡལ་གྱི་སྦྲག་སྲིད་དྲ་ཚིགས་ཁྱོན་ཡོངས་ལ་ཁྱབ་ནས་ཞིང་འབྲོག་མང་ཚོགས་ཚོས་དྲ་ཐོག་ནས་རང་ཁྱིམ་གྱི་ཐོན་སྐྱེད་བྱས་པའི་ཡུལ་ཟོག་ཐོན་རྫས་སྟབས་བདེ་པོས་བྲིན་ཚོང་བྱེད་ཐུབ་ཀྱི་ཡོད།
     སྣོད་བཅུད་ལ་སྲུང་སྐྱོང་བྱེད་པ་ནི་འབྱུང་འགྱུར་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན།
     “ང་ཚོས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་མིག་སྔའི་ལས་དོན་གྱི་གཙོ་གནད་གྲས་ཤིག་ལ་བརྩིས་ནས་སྣོད་བཅུད་སྲུང་སྐྱོང་ལམ་ལུགས་ནན་པོ་ཞིག་བཟོས་ནས་བཏོན་ཏེ། སྣོད་བཅུད་སྲུང་སྐྱོང་གི་འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ་བྱེད་པ་དང་། སྔོ་ཁེབས་མེད་སར་རྩྭ་ཤིང་འདེབས་པ་དང་ཕྱོགས་བསྡུས་ལྗང་སྣོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ལྗང་མདོག་གི་ཕན་བདེ་དང་སྣོད་བཅུད་ཀྱི་བདེ་སྐྱིད་དེ་བས་ཆེ་བ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་ཀྱི་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་དཔོན་དབང་འདུས་ཀྱིས་གསུངས།
     “ལྷ་སར་ང་ཚོས་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་མང་ཚོགས་ལ་སྣོད་བཅུད་ཀྱི་ལྗོན་ཤིང་འདེབས་པ་དང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དེ་མཁའ་རླུང་གི་སྤུས་ཚད་ཡག་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུའི་ཁྲིད་སྟོན་བྱེད་ཀྱི་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་གྱི་གྲོང་དཔོན་སྒོར་སྒོར་གྱིས་གསུངས།
     ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གི་དགོངས་པའི་ཁྲིད་སྟོན་འོག བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དང་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་གཉིས་གཅིག་མཚུངས་སུ་བྱས་ཏེ་2018ལོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་107བཏང་བ་དེ་དག་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ཐད་སྤྱད་ནས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་112ལྷག་ཙམ་བྱས་པ་དང་། ལྗོན་ཤིང་མེད་པའི་དུད་ཚང་ཁྲི་8.3ལ་ལྗོན་ཤིང་བཏབ་པས་ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད་12.14%ཆེ་རུ་ཕྱིན་ཡོད།
     སྒོར་སྒོར་གྱིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་། སྣོད་བཅུད་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་དྲ་ཞུགས་བཅས་བརྟན་སྲུང་བྱས་ཏེ་བོད་ཀྱི་ཏང་ཡོན་དང་མང་ཚོགས་ཀྱིས་ཁོར་ཡུག་ཡག་ཤོས་དེ་མི་རབས་རྗེས་མར་རྩིས་སྤྲོད་བྱེད་དགོས་ཞེས་གསུངས།