འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་8ཉིན།

༄༅།།《ཀྲེ་ཅང་གི“གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”གི་འདུ་འགོད་ཉམས་མྱོང་ལ་སློབ་སྦྱོང་
གཏིང་ཟབ་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་
སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་
འཕེལ་སྒྱུར་ཨུ་ལྷན་བཅས་ཀྱི་སྙན་ཞུ》བརྒྱུད་སྤེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་08ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲེ་ཅང་གི“གྲོང་ཚོ་སྟོང་གིས་དཔེ་སྟོན་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”གི་འདུ་འགོད་ཉམས་མྱོང་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱི་སྙན་ཞུ》བརྒྱུད་སྤེལ་བྱས་པ་མ་ཟད་བརྡ་ཐོའང་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     བརྡ་ཐོའི་ནང་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲེ་ཅང་གི‘གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག’གི་འདུ་འགོད་འགོ་འཛུགས་སྔ་བ་དང་། ཁ་ཕྱོགས་གསལ་བ། ཕན་འབྲས་ལེགས་པ་བཅས་ཡོད་པས་རྒྱལ་ཡོངས་ལ་དཔེ་སྟོན་གྱི་ནུས་པ་ལྡན་པ་མ་ཟད་རྒྱལ་སྤྱིར་ཡང་ཁས་ལེན་ཐོབ་ཡོད། ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ་ས་ཁུལ་ཁག་གིས་གཏན་ལ་འཁེལ་བའི་དམིགས་ཚད་ལ་ཕྱོགས་ཏེ་རྒྱུན་མཐུད་ཤུགས་འདོན་དང་སྙིང་རུས་གཏན་འཁྱོངས་བྱ་རྒྱུར་མཛུབ་ཁྲིད་ལྟ་སྐུལ་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་དགོས”ཞེས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད།
     བརྡ་ཐོའི་ནང་ནན་བཤད་བྱས་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲེ་ཅང་གི་ཉམས་མྱོང་ལ་སློབ་སྦྱོང་ཡག་པོ་དང་། མཐར་ཕྱིན་པ་སྦྱོང་བ། བེད་སྤྱོད་ཡག་པོ་དང་གང་འགབ་སྤྱོད་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་སྔ་ཙམ་བཀོད་སྒྲིག་དང་། སྔ་ཙམ་སྤེལ་བ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ལས་དོན་སྤེལ་སྐབས་ཀྲེ་ཅང་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ལྗང་མདོག་འཕེལ་རྒྱས་དང“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་འཁྱོངས་བྱས་པར་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་པ་མ་ཟད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ལ་དངོས་སུ་བསྒྱུར་དགོས་པ་དང་། ཚད་གཞི་མཐོ་པོས་སྐུལ་འདེད་མཐའ་འཁྱོངས་ཀྱིས་ཏང་སྲིད“འགོ་ཁྲིད་གཙོ་བོ”ངོ་མས་དམ་འཛིན་དང“རིམ་ལྔའི་ཧྲུའུ་ཅིས”མཉམ་དུ་དམ་འཛིན་བྱེད་དགོས་པ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་བྱས་ཏེ་ཡུལ་དེ་གའི་འཕེལ་རྒྱས་ཀྱི་དུས་མཚམས་དང་འཚམ་པར་བྱེད་དགོས་པ། དམངས་འཚོའི་བདེ་རྩར་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་ལས་སླ་བ་ནས་དཀའ་བའི་བར་དང་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ནས་འགོ་བཙུགས་ཏེ་གཙོ་གནད་ཚད་བརྒལ་གྱིས་ལས་དོན་གཙོ་བོར་སྐུལ་ཁྲིད་བྱེད་དགོས་པ། བརྒྱུད་རིམ་དང་ལྡན་པའི་ངང་བཅོས་སྐྱོང་དང་སྙིང་རུས་གཏན་འཁྱོངས་ཀྱིས་ཕུགས་ཕན་གྱི་བཅོས་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། མ་དངུལ་དངོས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མཐུན་རྐྱེན་འགན་སྲུང་ལ་ཤུགས་སྣོན་དང་སྣ་མང་ཅན་གྱི་མ་འཇོག་ལམ་སྲོལ་འཛུགས་དགོས་པ། སྲིད་གཞུང་གི་གཙོ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་པའི་བྱེད་པོ་དང་ཁྲོམ་རའི་བྱེད་པོའི་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་ནས་སྐུལ་འདེད་གཏོང་བའི་རྣམ་པ་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ས་གནས་ཀྱི་ཏང་སྲིད་ལས་ཁུངས་སྒྱུར་བཅོས་བྱེད་སྐབས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་རྩིས་སྤྲོད་རྩིས་ལེན་ཡག་པོ་བྱས་ཏེ་བར་མཚམས་ཆད་པ་དང་འཐུས་ཤོར་མི་ཡོང་བ་བྱེད་དགོས། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་ཆེ་མོ་ཞིག་བྱས་ཏེ་བྱ་ཐབས་ནུས་ལྡན་མེད་པ་དང་། གཡོ་ཟོལ་དང་ཕྱི་ཚུལ་རིང་ལུགས་ལྡན་པ། མི་རྒྱུ་གཉིས་འཕྲོ་བརླག་བཏང་ནས་ལག་བསྟར་ལ་ཕན་འབྲས་མི་ཐོན་པ་སོགས་ཡོད་པའི་ས་གནས་དང་ཚན་པར་སྐྱོན་བརྗོད་དང་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།