འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་7ཉིན།

༄༅།།རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་འཁོར་རྒྱུག་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་07ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ལོའི་ཚོགས་འདུ་གཉིས་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཤར་ཕྱོགས་མཁའ་འགྲུལ་ཚོགས་པའི་ཏང་ཙུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་བཅས་ཡིན་པའི་ལིའུ་ཧྲའོ་ཡུང་གིས“རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ། རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་འགྲུལ་སྐྱེལ་གནམ་གྲུའི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས”ཞེས་པའི་གྲོས་གཞི་བཏོན་གནང་བ་དང་། ཁོང་གིས་རྒྱལ་ཁབ་ཀྱི་ངོས་ནས་སྤྱི་འདོམས་བསམ་གཞིག་བྱེད་པ་དང་ཞིབ་སྤེལ་དང་། འཁོར་རྒྱུག ཞབས་ཞུ་བཅས་གསུམ་ནས་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     ལིའུ་ཧྲའོ་ཡུང་གིས་གསུངས་དོན། རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་རིང་ངེས་པར་དུ་གནམ་གྲུའི་རིམ་པ་སྤོར་བ་དང་། ཚོང་ལས་གཉེར་སྐྱོང་ལེགས་གྲུབ་ལྡན་པ། འཛད་སྤྱོད་པས་གདམ་ག་བྱེད་འདོད་པ་བཅས་དོན་གཉེར་གྱི་དམིགས་ཚད་དུ་བརྩི་དགོས་པ་སྟེ། གཅིག་ནས་བཟོ་སྐྲུན་གྱི་ངོས་ནས་བརྗོད་ན། རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་གནམ་གྲུ་ཞིབ་སྤེལ་གསར་སྤེལ་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། “སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་སྒྲུབ་པའི”ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གིས་དམངས་སྤྱོད་གནམ་གྲུ་ཞིབ་སྤེལ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་འགངས་ཆེན་དང་། རྩེར་སོན། རྨང་གཞི་བཅས་ལ་དམ་འཛིན་གྱིས་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རིག་མཁས་ཅན་འབོར་ཆེན་ཞིག་སྐྱེད་སྲིང་ཤུགས་ཆེན་བྱས་ཐོག རྩེར་སོན་གྱི་དཀའ་གནད་ཟམ་མི་ཆད་པར་འགག་སྒྲོལ་བྱེད་དགོས། དམངས་སྤྱོད་གནམ་གྲུ་བཟོ་སྐྲུན་གྱི་ཁྱབ་ཁོངས་སུ་འགག་རྩའི་ལྟེ་བའི་ལག་རྩལ་གྱི་རང་བདག་ཚོད་འཛིན་ཐུབ་ཚེ་གཞི་ནས་གསར་གཏོད་ཀྱི་རང་འགུལ་དབང་ཆ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཐུབ་པ་དང་། གཉིས་ནས་གཉེར་སྐྱོང་གི་ངོས་ནས་བརྗོད་ན། རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་གནམ་གྲུ་ཉོ་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སླད་ཕྱིན་རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་གནམ་གྲུ་གཉེར་སྐྱོང་བྱེད་པའི་ཐད་གཉེར་སྐྱོང་གི་སྐྱེད་སྲིང་དུས་སྐབས་གཏན་འཁེལ་བྱེད་པ་དང་ཐོན་ལས་སྐྱེད་སྲིང་གི་སྲིད་ཇུས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། དུས་མཚུངས་ཡིད་རྟོན་དངུལ་བུན་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་མཁའ་འགྲུལ་རྒྱུ་ཆ་མཁོ་སྤྲོད་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ་སོགས་ཐད་དེ་བས་ཆ་ཚང་བའི་སྲིད་ཇུས་ཀྱི་འགན་ལེན་བྱེད་དགོས།
     གཞན་ཡང་། ལིའུ་ཧྲའོ་ཡུང་གིས་ད་དུང་སྲིད་ཇུས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་འགྲུལ་པས་རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་གནམ་གྲུར་ཞུགས་རྒྱུའི་སྐུལ་མ་གཏོང་དགོས་པ་དཔེར་ན། ཡུལ་སྐོར་བས་རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་གནམ་གྲུའི་སྤ་སེ་ཉོ་སྐབས་གནམ་ཐང་འཛུགས་སྐྲུན་གྱི་འགྲོ་གྲོན་རྩ་ཆག་བཏང་སྟེ་དེས་སྤ་སེ་ཉོ་བའི་དོན་ཚན་དེ་མི་སྒེར་གྱི་དཔྱ་ཁྲལ་ཚབ་འཕྲིའི་ཁྱབ་ཁོངས་ནང་འཇུག་པ་སོགས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།