འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་7ཉིན།

༄༅།།མང་ཚོགས་ཚོར་ལྟ་འདོད་ཅིང་ཉན་སྤྲོ་བའི་ཟློས་གར་འཁྲབ་སྟོན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་07ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “དཔོན་པོས་དམངས་ཆེད་བྱ་བ་མ་བསྒྲུབས་ན། ཁྱིམ་དུ་ལོག་ནས་ཞོག་ཁོག་བཙོང་ན་དགའ”ཞེས་པའི་མཐོང་བ་ཀུན་སྨོན་གྱི་སྐད་ཆ་དུམ་བུ་དེ་ཡུས་ཅུས་ཟློས་གར《དཔོན་ཆུང་རིམ་པ་བདུན་པ》ཅེས་པ་ནས་དྲངས་པ་ཞིག་ཡིན་ཞིང་། ཟློས་གར་ནང་གི་བཞད་གད་སློང་མཁན“རྫོང་དཔོན་ཐང་ཁྲེང”ནི་ཅིན་པོ་ཧོན་གྱི་འཁྲབ་སྟོན་བྱང་ཆུབ་ཤོས་དེ་རེད། མང་ཚོགས་མི་ཉུང་བ་ཞིག་གིས་ལམ་ཐག་སྤྱི་ལེ་བཅུ་ཙམ་གྱི་སར་བསྐྱོད་དགོས་ཀྱང་ཁོང་གི་ཟློས་གར་ལ་ཐེངས་གཅིག་ལྟ་ཉན་བྱ་རྒྱུ་བྱུང་ན་སྙམ་གྱི་ཡོད། ཅིན་པོ་ཧོན་གྱིས“ད་ཆ་དངོས་པོའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་དང་བསྟུན་ནས་མི་སེར་གྱི་བསམ་པའི་རྒྱགས་ཕྱེའི་རེ་འདོད་དེ་བས་ཆེ་རུ་འགྲོ་ཡི་ཡོད། ཚང་མས་དེར་ལྟ་འདོད་ཡོད་ཚེ་ང་ཚོས་འཁྲབ་སྟོན་དེ་བས་ལེགས་པ་བྱེད་དགོས”ཞེས་གསུངས།
     ཟློས་གར་ཡག་པོ་ཞིག་འཁྲབ་སྟོན་བྱ་ཆེད། ཅིན་པོ་ཧོན་གྱིས་རྟག་ཏུ་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བྱས་ཏེ་ཟློས་གར་གང་ཞིག་ཉན་འདོད་པ་དང་གང་ཞིག་ལྟ་འདོད་པའི་སྐོར་ཤེས་རྟོགས་བྱེད་ཀྱི་ཡོད། 2018ལོར་ཁོང་གིས་འཁྲབ་སྟོན་ལ་ཞུགས་ཚད་ཐེངས་350ལྷག་ཙམ་ཟིན་ཡོད། “སྐབས་རེ་ཉིན་གཅིག་ལ་འཁྲབ་སྟོན་ཐེངས་གཉིས་གསུམ་ཙམ་བྱེད་དགོས་ཀྱི་ཡོད་པ་དང་། མང་ཚོགས་ཚོས་ལྟ་འདོད་ཆེན་པོ་བྱས་ཚེ་གཞི་རིམ་དུ་དེ་བས་ཀྱང་མང་པོ་བསྐྱོད་ཀྱི་ཡོད”
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་རྗེས་ཅིན་པོ་ཧོན་གྱིས་འཁྲབ་སྟོན་བྱེད་རྒྱུ་ཕུད་ད་དུང་འགན་འཁྲི་གཅིག་མང་དུ་ཕྱིན་ཡོད་པ་སྟེ། ཇི་ལྟར་བྱས་ཏེ་དངོས་པོའི་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བའི་གྲོང་གསེབ་ཀྱི་མང་ཚོགས་ཚོར་བསམ་པའི་རིག་གནས་ཀྱི་ཐོན་རྫས་དེ་བས་ལེགས་ལ་མང་བ་ཞིག་མཁོ་དོན་བྱ་རྒྱུ་དེ་རེད།
     “རིག་གནས་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། གྲོང་གསེབ་དར་རྒྱས་གཏོང་བར་སྤུས་ལེགས་ཀྱི་རིག་གནས་ཐོན་རྫས་དང་ཁ་འབྲལ་ཐབས་མེད། ད་ཆ་གྲོང་ཚོ་མི་ཉུང་བ་ཞིག་ལ་མཁྲེགས་ཆས་འཛོམས་པ་དང་ཟློས་གར་གྱི་གར་སྟེགས་བསྐྲུན་ཡོད། ཡིན་ནའང་། ལྟད་མོ་ཆེ་བའི་ཟློས་གར་དང་རིག་གནས་ཀྱི་རོལ་རྩེད་རྣམ་གྲངས་སྤུས་ལེགས་ད་དུང་འདང་གི་མེད”ཅིན་པོ་ཧོན་གྱིས་ཟློས་གར་ཚོགས་པ་དེ་བས་མང་བ་སྒྲིག་འཛུགས་ཀྱིས་གཞི་རིམ་དུ་འཁྲབ་སྟོན་བྱེད་པར་བསྐྱོད་དེ་གྲོང་ཚོ་རེར་ལོ་རེར་ཟློས་གར་ཆེ་མོ་ཐེངས་རེ་འཁྲབ་སྟོན་བྱེད་ཐུབ་པའི་བརྩོན་ལེན་བྱས་ཏེ་ཟློས་གར་སྤུས་ལེགས་དེ་བས་མང་བ་གྲོང་གསེབ་ཏུ་སྐྱེད་སྲིང་ཡོང་བར་བྱེད་དགོས་པ་དང་། ཁོང་གིས་སྒྱུ་རྩལ་མཁས་པ་གཞི་རིམ་དུ་མང་ཙམ་བསྐྱོད་དེ་མང་ཚོགས་ཚོར་ཕུལ་བྱུང་ཟློས་གར་མང་ཙམ་འཁྲབ་སྟོན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།