འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་1ཉིན།

༄༅།།ཡུལ་ཤུལ་གངས་སྐྱོན་ཕོག་ཁུལ་གྱི་དཀའ་སེལ་དུས་སྐབས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་01ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་26ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ལམ་345ལམ་ཐིག་གི་ཡུལ་ཤུལ་ནས་རྫ་སྟོད་རྫོང་དུ་འགྲོ་སའི་ལམ་དུམ་ནི་ཡུལ་ཤུལ་གངས་སྐྱོན་ཕོག་ཁུལ་དུ་བསྐྱོད་པའི་ལམ་བུ་ཤར་གཏོང་འགན་ལེན་དང་མྱུར་བཟོའི་གཙོ་གནད་ས་ཁོངས་ཤིག་རེད། གངས་འཁྱགས་ཀྱིས་བཏུམས་པའི་ལམ་བུར་བཞུད་སྐབས་གོས་དཀར་ས་གཞི་མུ་མཐའ་བྲལ་ལ། གླིང་སྣེའི་ས་ཁུལ་དུ་གནས་པ་དང་གཉིས་སུ་མ་མཆིས།
     རྫ་སྟོད་རྫོང་དང་བར་ཐག་སྤྱི་ལེ་100ཡང་མེད་པའི་སར་ཕྱེད་འགེལ་ཟོག་འདྲེན་རླངས་འཁོར་ཞིག་གཞུང་ལམ་ནས་འཁྱགས་འདྲེད་ཤོར་བ་དང་། ལི་སྨི་60ཡོད་པའི་གངས་གསོག་ཁྲོད་བརྡིབས་པས། ཁ་ལོ་བ་མ་ལེ་སའེ་འུ་ཐུག་ཐབས་ཟད་དང་སྐྱོ་སྣང་ཆེན་པོ་སྐྱེ་བཞིན་ས་སྟེང་དུ་བསྡད།
     ཚེས་23ཉིན་གྱི་དགོང་མོ་ལོ་36ལ་སླེབས་པའི་མ་ལེ་སའེ་ཡིས་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ནས་རྡོག་ཐོན་བྱས་ཏེ་གེགས་སེལ་དངོས་རྫས་ཏུན་32བླུགས་ནས་གངས་སྐྱོན་ཚབས་ཆེན་ཕོག་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་དུ་བསྐྱོད།
    ཚེས་25ཉིན་གྱི་ཐོ་རེངས་ཉིན་མཚན་བལྟོས་མེད་ངང་ལམ་དུ་བཞུད་པའི་མ་ལེ་སའེ་དམིགས་ས་དང་བར་ཐག་སྤྱི་ལེ་100ཙམ་ཡང་མེད་པའི་སར་སླེབས་སྐབས། གཞུང་ལམ་ཐོག་གངས་གསོག་ཇེ་མཐུག་ཏུ་ཕྱིན་ནས་ཉིན་ཤས་བསྟུད་མར་འཁྱགས་པ་ཐེབས་པའི་ཁར་བུ་ཡུག་འཚུབ་པ་དང་ལམ་འདྲེད་ཤོར་རྐྱེན་རླངས་འཁོར་ཡང་ཡོམ་ཡོམ་བྱེད་ཅིང་། ལམ་ཟུར་ལས་གཡོལ་ཙམ་བྱས་མ་ཐག་རླངས་འཁོར་འཁྱགས་འདྲེད་ཤོར་སྟེ་ལམ་འགྲམ་གྱི་གངས་གསོག་ཁྲོད་བརྡིབས།
     སྐབས་དེ་དུས་བསྟུད་མར་གངས་གསོག་གཙང་སེལ་བྱས་ནས་ཆུ་ཚོད་10ལྷག་ཙམ་སོང་བའི་མཚོ་སྔོན་ཞིང་ཆེན་རྫ་སྟོད་གཞུང་ལམ་དུམ་བུའི་ཏོན་ཀྲང་མུའུ་ཧོ་དབྱི་ལས་ཁུལ་དུ་ལོག་ནས་ངལ་གསོ་རྩིས་ཡོད་མོད། རོགས་སྐྱོབ་རེ་ཞུའི་ཁ་པར་འབྱོར་མ་ཐག་མུའུ་ཧོ་དབྱིས་དེ་མུར་རོགས་སྐྱོབ་མི་སྣ་7ཁྲིད་དེ་ལས་འཛོལ་ཐོན་ཡུལ་དུ་བསྐྱོད།
     ཐོ་རེངས་ཆུ་ཚོད་3པར་མ་ལེ་སའེ་ཡི་རླངས་འཁོར་རྡིབ་ཡུལ་ཏེ་རྒྱལ་ལམ་345ཡི་རྡོ་ར་དམར་ཁོག་ནས་རྫ་སྟོད་དུམ་བུར་ལྷགས་པ་ཆེན་པོ་བརྒྱབ་ནས་ཁབ་བཙུགས་པ་ལྟར་མི་ཚོའི་ངོ་གདོང་ལ་ཚ་ཤུར་བརྒྱབ་པ་དང་། དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་30ཙམ་ལ་སླེབས།
     གངས་འཕྱག་པ་དང་། ས་འདིང་བ། ལྡུག་འཁོར་གྱིས་འཐེན་པ་ལ་སོགས་མུའུ་ཧོ་དབྱི་དང་བཅས་པས་ཐབས་ཤེས་སྣ་ཚོགས་བཏོན་མོད། ཅ་དངོས་བྱུར་བུར་བླུགས་པའི་རླངས་འཁོར་སྔར་བཞིན་འདོན་ཐུབ་མེད། ས་བབ་མཐོ་ཚད་སྨི་4400ཙམ་ཡོད་པའི་ཡུལ་དེར་དཀའ་བ་ཚད་མེད་སྤྱད་པས། མི་རྣམས་རིམ་བཞིན་དབུགས་ཧལ་ནས་རེས་མོས་ངང་ངལ་གསོ་བྱེད་དགོས་བྱུང་། མུའུ་ཧོ་དབྱིས་མཆུ་སྒྲོས་སྨུག་པོར་གྱུར་བའི་མ་ལེ་སའེ་རླངས་འཁོར་ནང་གཉིད་ཉལ་བར་བཏང་བ་དང་སྦྲགས་ཆུ་ཚ་པོ་དང་། སྟབས་བདེའི་ཐུག་པ། སྲིང་བལ་སྟོད་གོས་བཅས་བསྐྱལ།
     ཡུལ་ཤུལ་དུ་གངས་སྐྱོན་ཕོག་ནས་ད་བར་མུ་ཧོ་དབྱི་དང་ཚན་ཁག་དེའི་མི་32ཡིས་རྫ་སྟོད་ཀྱི་གངས་སྐྱོན་སེལ་བ་དང་གཞུང་ལམ་མྱུར་བཟོ་བྱེད་པའི་འཐབ་ཕྱོགས་དང་པོར་ཉིན་38བསྟུད་མར་ལས་ཀ་བྱས། དེའི་རིང་རིམ་རྩིས་བརྒྱབ་ན་འཕྲུལ་ཆས་ཁག་411བཏང་ནས་གངས་གསོག་སྨི་རྒྱ་དམངས་གྲུ་བཞི་ཁྲི་53གཙང་སེལ་བྱས་པ་དང་། གེགས་སེལ་སྐྱེལ་འདྲེན་རླངས་འཁོར་264དང་། རླངས་འཁོར་ཆུང་གྲས་326བཏང་སྟེ། ཉེན་གྱར་བ་1740བཅས་སྐྱོབ་རོགས་བྱས་པ་རེད།
     མུའུ་ཧོ་དབྱིས་ལྡུག་འཁོར་གཉིས་དང་ཕྱེད་འགེལ་ལྗིད་ཐེག་རླངས་འཁོར་1མ་ལེ་སའེ་ཉེན་ཁར་གྱར་ཡུལ་དུ་བཀོད་གཏོང་བྱས་པ་དང་། རླངས་འཁོར་གསུམ་དང་མི་10ལྷག་ཙམ་གྱིས་དངོས་རྫས་དབོར་བ་དང་། རླངས་འཁོར་སྟོང་པར་བཟོ་བ། ལྕགས་ཐག་བསྒར་བ་བཅས་བྱས་རྗེས་ལྡུག་འཁོར་གྱིས་འཐེན་འགོ་ཚུགས། ཚེས་25ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པ་ཙམ་དུ་མ་ལེ་སའི་ཡི་གངས་གསོག་ཁྲོད་བརྡིབས་པའི་ལྗིད་ཐེག་རླངས་འཁོར་འཐེན་ཐུབ་པ་རེད།
    ལྡུག་འཁོར་ལས་འབབ་སྐབས་ཁ་ལོ་བ་ཅ་ཅིན་པེའོ་ཡིས་ཆུ་ཚོད་གསུམ་ལྷག་ཙམ་བསྟུད་མར་ལས་ཀ་བྱས་ཤིང་། ངོ་གདོང་ལས་རྔུལ་ཆུའི་ཐིགས་པ་ཁྲུམ་ཁྲུམ་དུ་ལྷུང་།
     ཅ་ཅིན་པེའོ་ཡིས་གསར་འགོད་པར་ལས་འབོར་དེ་ལྟ་བུ་ནི་ཉེ་དུས་ཀྱི་རྒྱུན་རྣམ་ཞིག་རེད། གངས་བསྟུད་མར་བབས་རྐྱེན་རྒྱལ་ལམ་345ཡི་རྡོ་ར་དམར་ཁོག་ནས་རྫ་སྟོད་དུམ་བུར་ཉེ་བའི་ཟླ་གཉིས་རིང་ཡང་སེ་ཆད་བཞིན་ཡོད། “གེགས་སེལ་གྱི་ཚེ་སྲོག་ལམ་ཐིག”ཤར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད་རྫ་སྟོད་གཞུང་ལམ་དུམ་བུའི་ལས་དོན་མི་སྣས་ཉིན་ལྟར་གངས་འཕྱག་པ་དང་མྱུར་བཟོ་བྱེད་པའི་ལས་ཡུན་ཆ་སྙོམས་ཆུ་ཚོད་12ཟིན་པ་དང་། ལས་ཡུན་རིང་ཤོས་ཆུ་ཚོད་22ཙམ་ཟིན་སྟབས་འཕྲུལ་ཆས་མང་ཆེ་བར་སྐྱོན་ཤོར་ཡོད་ཅེས་བཤད།
     རང་ཉིད་ལ་རོགས་སྐྱོབ་བྱ་ཆེད་ཆུ་ཚོད་24རིང་ངལ་བ་འཛེམས་མེད་ངང་ལས་ཀ་བྱས་པའི་ལམ་སྐྱོང་པར་ལྟ་བཞིན་མ་ལེ་སའེ་ཡིས་མགྲིན་པ་བརྣངས་བཞིན་དུ“ཁྱེད་ཚོས་ངར་གཉེན་ཉེ་ལས་ཀྱང་ལྷག་པའི་རོགས་རམ་བྱས་བྱུང”ཞེས་ཐུགས་རྗེ་ཆེ་ཡང་ཡང་ཞུས།
     མུའུ་ཧོ་དབྱིས“ཚང་མས་གངས་འགོག་གེགས་སེལ་བྱེད་བཞིན་ཡོད་པས་ང་ཚོ་ནི་གཡུལ་ས་གཅིག་གི་འཐབ་གྲོགས་རེད”ཅེས་བཤད།
     མ་ལེ་སའེ་ཡིས་རླངས་འཁོར་བཏང་སྟེ་དེ་ནས་ཁ་བྲལ་བ་དང་རོགས་སྐྱོབ་ལས་དོན་སྤེལ་བའི་རྐྱེན་གྱིས་དུས་ཐུང་འགག་པའི་གཞུང་ལམ་སླར་ཡང་ཤར་གཏོང་ཐུབ་ཅིང་། འགྲོ་འོང་བྱེད་མཁན་འཁོར་རིགས་མང་པོ་སྒེའུ་ཁུང་ཕྱེ་ནས་ལི་མདོག་ལས་གོས་གྱོན་པའི་ལམ་སྐྱོང་པར་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས།
     བསྔགས་བརྗོད་ལ་རོལ་ཁོམ་མེད་ལ། ངལ་གསོ་ཡག་པོ་ཞིག་ཀྱང་རྒྱག་ཁོམ་མེད་པར་མུའུ་ཧོ་དབྱིས་ཚན་ཁག་གི་སྣེ་ཁྲིད་དེ་ཡུལ་ཤུལ་གྲོང་ཁྱེར་རག་ཤུལ་སྟོད་ཤང་གི་ཕྱོགས་སུ་ཐོན་ནས་མུ་མཐུད་གངས་གཙང་འཕྱག་བྱེད་འགོ་ཚུགས།
     ཅ་ཅིན་པེའོ་ཡིས“ལས་མཚམས་འཇོག་ཐབས་མིན་འདུག གང་དུ་གངས་གསོག་ཡོད་ཚེ་དེ་གར་འགྲོ་དགོས་ཤིང་། དེ་ནི་ང་ཚོའི་འགན་འཁྲི་ཡིན”ཞེས་བརྗོད།