འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་28ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་ནུས་མང་གསབ་རེས་སྒྲིག་བཀོད་ཀྱི་ཞིང་ལས་རྣམ་གྲངས་ཐོག་མ་དེ་
སྤྱོད་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་28ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ནི་ཚལ་འདེབས་ཞིང་པས་འཛུམ་དམུལ་དམུལ་ངང་སྟར་སྒྲིག་རིག་ནུས་དྲོད་ཁང་ནས་སྨིན་ཟིན་པའི་སྔོ་ཚལ་དང་ཀྭ་རིགས་བཏུས་ནས་ཕྱིར་དབོར་བཞིན་པ།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་ཀ་ཤར་རུང་ཟི་ལིང་དུ་སྔར་བཞིན་ཁ་བ་ལྷབ་ལྷུབ་ཏུ་བབ་བཞིན་འདུག ས་མཐོའི་དྲོད་ཚད་དམའ་བའི་གནམ་གཤིས་ལོ་ལྟར་གྱི་ཟླ་བ་བཞི་པ་བར་རྒྱུན་མཐུད་ཀྱི་ཡོད། གསར་འགོད་པས་ཁ་བ་སྲབ་པོ་འབབ་པའི་ལམ་འགྲིམ་ནས་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཁུལ་གྱི་ཤིང་འབྲས་དང་སྔོ་ཚལ་ཐོན་སྐྱེད་གླིང་ཁོངས་ཀྱི་ས་བཟུང་རྒྱ་ཁྱོན་མུའུ་500ཟིན་པའི་སྟར་སྒྲིག་རིག་ནུས་དྲོད་ཁང་རྣམ་གྲངས་ལ་ལྟ་བར་བསྐྱོད་པ་ཡིན། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་སྤྱད་པའི་ནུས་མང་གསབ་རེས་ཀྱི་ས་མཐོའི་དེང་རབས་སྒྲིག་བཀོད་ཀྱི་ཞིང་ལས་རྣམ་གྲངས་དང་པོ་དེ་ཉེ་ཆར་སྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་མཐོང་བྱུང་།
     ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡན་ཟིན་པའི་མཚོ་སྔོན་ཞིང་ཆེན་དུ་དགུན་དུས་རིང་བ་དང་། ཚ་དྲོད་མཁོ་འདོན་གྱི་དུས་ཚོད་ལོ་ཕྱེད་ལས་བརྒལ་བ། གྲང་ངར་ཆེ་བའི་གནམ་གཤིས་སྟོན་སྐབས་དྲོད་ཁང་ནང་དྲོད་ཚད་ཀྱིས་ཀྱང་དྲོད་མཁོ་བའི་སྔོ་ཚལ་གྱི་དྲོད་ཚད་དགོས་མཁོ་སྐོང་ཐུབ་ཀྱི་མེད་པར་བརྟེན། མཚོ་སྔོན་ཞིང་ཆེན་གྱི་སྒྲིག་བཀོད་ཞིང་ལས་མང་ཆེ་བ་དགུན་དུས་སུ་རྩ་བའི་ཆ་ནས་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་ཀྱི་ཡོད་པས་འཕྲོ་བརླག་འབོར་ཆེན་འགྲོ་ཡི་ཡོད། འོན་ཀྱང་སྟར་སྒྲིག་རིག་ནུས་དྲོད་ཁང་རྣམ་གྲངས་དེས་ཉི་འོད་ནུས་པ་དང་། ས་དྲོད་འཐེན་པ། ཁ་རླུང་ནུས་པ་སོགས་ནུས་རྒྱུ་གཙང་མའི་ནུས་མང་ཕན་གསབ་བྱེད་སྟངས་སྤྱད་པ་དང་སྦྲགས་དངོས་སྦྲེལ་དྲ་རྒྱའི་རིག་ནུས་ཚོད་འཛིན་དོ་དམ་མ་ལག་ཀྱང་སྤྱད་པས་དུས་ཚིགས་དང་དྲོད་ཚད་འགྱུར་བའི་ཤུགས་རྐྱེན་མི་ཐེབས་པར་ལོ་ཧྲིལ་པོར་དུས་ཚིགས་རང་བཞིན་གྱི་སྔོ་ཚལ་རྒྱུན་མི་ཆད་པར་ཐོན་སྐྱེད་བྱེད་ཐུབ་པ་དང་། རླུང་ཁམས་ཆེ་མོར་སྦག་བཙོག་ཕྱིར་འབུད་བྱེད་མི་དགོས་པ་མ་ཟད། ད་དུང་དྲོད་ཁང་གི་དྲོད་མཁོ་འདོན་མ་གནས་ཀྱང་ཇེ་ཆུང་དུ་སོང་ཡོད།