འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་27ཉིན།

༄༅།།ཡུལ་ཤུལ་གྱི་ཁ་བ་བུ་ཡུག་ཁྲོད་སྐྱས་སྤོ་བའི་ལམ་བུ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་27ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡུལ་ཤུལ་ནས་ཟླ་2ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཁྲ་ཕྲུག་དང་འཕྲད་ས་ནི་བ་ཡན་ཧ་རི་བོའི་རི་གཤམ་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་འོ་མཚོ་གྲོང་ཚོའི་སྨད་གཞུང་ཐང་དུ་རེད།
     སྨད་གཞུང་ཐང་ནི་ད་རེས་ཡུལ་ཤུལ་གྱི་གངས་སྐྱོན་ལ་གངས་བཞུར་ཅུང་མགྱོགས་ལ་གནོད་འཚེ་ཕོག་པའི་ཡུལ་གཞན་གྱི་འབྲོག་པ་སྐྱས་སྤོས་ཀྱི་ས་ཆ་གལ་ཆེན་གྱི་གྲས་ཤིག་རེད། ཁྲ་ཕྲུག་གི་ནང་མི་ཚོས་ཁ་བ་བུ་ཡུག་ལ་མ་འཛེམས་པར་སྤྱི་ལེ་100ལྷག་ཙམ་གྱི་ཡུལ་ཤུལ་ཀྲོའུ་ཆུ་དམར་ལེབ་རྫོང་རྨ་སྟོད་ཤང་བ་ཡན་གྲོང་ཚོའི་ཀུང་ཧྲེ་གསུམ་པ་ནས་འབྲི་གཡག་མགོ་གྲངས་70ལྷག་ཙམ་དེད་དེ་ཉིན་40ཏག་ཏག་རྐང་ཐང་མར་རྩྭ་ཐང་དེར་བསྐྱོད་པ་ཞིག་རེད། སྐྱས་སྤོ་རིང་འབྲི་གཡག་མགོ་གྲངས་30ལྷག་ཙམ་འཁྱགས་ཤི་ཐེབས།
     ལོ་51ལ་སླེབས་པའི་ཁྲ་ཕྲུག་གིས་གུར་གྱི་ཉེ་འགྲམ་གྱི་འབྲི་གཡག་དེ་དག་ལ་ལྟ་བཞིན“འོ་མཚོ་གྲོང་ཚོས་ང་ཚོ་ཉར་ཙང་ངའི་འབྲི་གཡག་40དེ་དག་མ་ཤི་ཙམ་བྱུང་སོང”ཞེས་བཤད། འབྲི་གཡག་དེ་དག་ལ་གཟན་རྩྭ་ཡོད་ཙང་ལུས་ཤེད་རིམ་བཞིན་རྒྱས་ནས་མ་ཤི་ཙམ་བྱུང་བ་རེད།
     འདི་ལོའི་ལོ་འགོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ལ་གངས་སྐྱོན་ཚབས་ཆེན་ཐོན་ནས་ས་ཁུལ་ཁག་གཅིག་ལ་གངས་གསོག་ཐེབས་ཚད་ལི་སྨི་50ལས་བརྒལ་ཏེ་ཕྱུགས་རིགས་མགོ་གྲངས་ཁྲི་2ལྷག་ཙམ་ལྟོགས་ཤི་དང་འཁྱགས་ཤི་ཐེབས་ཡོད། མིག་སྔར་ས་གནས་དེ་གར་གནོད་འཚེ་སྔར་བཞིན་ཐོན་བཞིན་ཡོད། གཟན་རྩྭ་ཉོ་བ་ཕུད་གངས་སྐྱོན་ལ་འབྲོག་པ་ཚོས་ཕྱུགས་རིགས་ཉེ་འགྲམ་གྱི་གངས་གསོག་དེ་ཙམ་ཐེབས་མེད་པའི་རྩྭ་ཐང་དུ་དེད་དེ་འཚོ་ཐབས་བྱེད་ཀྱི་ཡོད།
     ཚེས་22ཉིན་གསར་འགོད་པ་འོ་མཚོ་གྲོང་ཚོར་སླེབས་སྐབས་ཉེ་དུས་གངས་ཆེན་ཐེངས་10ལྷག་ཙམ་བབས་པ་ལས་རྩྭ་ཐང་མང་ཆེ་བ་གངས་ཀྱིས་བཀབ་ནས་གངས་གསོག་མཐུག་པོ་ཐེབས་པ་དང་མཁྲེགས་པོ་ཆགས་ནས་ཉི་འོད་འོག་འོད་ཆེམ་ཆེམ་འཕྲོ་བཞིན་འདུག
     ལ་ཞིག་བརྒྱབ་རྗེས་མིག་མདུན་དུ་རྩྭ་ཐང་རྒྱ་ཆེན་པོ་ཞིག་ཏུ་བརྒྱབ་པའི་གེགས་སྐྱོབ་གུར་དེ་དག་དེ་བས་མངོན་གསལ་དོད་པ་ཞིག་འདུག་པ་དེ་ནི་ཁྲ་ཕྲུག་གི་ནང་མི་ཚོ་གནས་སྐབས་བསྡད་ཡུལ་གཞུང་སྨད་ཐང་ཡིན་པ་དང་དེ་གར་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་163བཀོད་སྒྲིག་བྱས་ཡོད་པ་རེད།
     ཉིན་བཅུ་ལྷག་ཙམ་གྱི་གོང་འོ་མཚོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དཔལ་དགས་གྲོང་མི་ཚོ་བསྐོངས་ནས་ཚོགས་འདུ་འཚོགས་པས་ཚང་མས་རྩྭ་ཐང་མུའུ་ཁྲི་30གནོད་འཚེ་དེ་བས་ཚབས་ཆེ་བ་ཕོག་པའི་ས་ཁུལ་གཞན་གྱི་འབྲོག་པར་སྤྱོད་དུ་འཇུག་པའི་མོས་མཐུན་གཅིག་གྱུར་བྱུང་།
     ཁྲ་ཕྲུག་ད་ཆ་སྡོད་སའི་རྩྭ་ཐང་དེ་ནི་འོ་མཚོ་གྲོང་ཚོའི་མཚམས་རྒྱལ་གྱི་ཡིན་པ་དང་མཚམས་རྒྱལ་གྱིས་ཁྲ་ཕྲུག་དང་ཐོག་མར་འཕྲད་སྐབས“གངས་སྐྱོན་གྱི་ཁྲོད་དུ་ཁྱེད་དང་ངའི་དབྱེ་བ་མེད། གལ་ཆེ་ཤོས་ནི་ང་ཚོ་ཚང་མ་མཉམ་དུ་དཀའ་གནད་ལས་སྒྲོལ་བ་དེ་རེད”ཅེས་བཤད།
     ཕྱི་དྲོའི་ཆུ་ཚོད་3པར་འོ་མཚོ་གྲོང་ཚོར་གངས་འབབ་འགོ་ཚུགས་ནས་དྲོད་ཚད་དམའ་རུ་ཤུགས་ཆེན་ཕྱིན་ཡོད། ལྷགས་ཕྱོགས་དང་བསྟུན་ནས་ས་བབ་མཐོ་ཚད་སྨི་4000ཡན་གྱི་གངས་ཁྲོད་དུ་སྐྱོད་སྐབས་གསར་འགོད་པ་དབུགས་ཀྱང་གཏོང་དཀའ་བར་གྱུར་བ་དང་གདོང་ལ་གྲིས་བསྣུན་པ་ལྟར་གྱི་ན་ཟུག་བཏང་། ཁོར་ཡུག་ཞན་པོ་དེ་ལྟ་བུའི་འོག་གངས་སྐྱོན་གྱིས་རྐྱེན་པས་ཤེད་མོ་སྐྱོ་བའི་འབྲི་གཡག་ཁག་གཅིག་འཁྱར་འཁྱོར་ངང་རིལ་འགྲོ་གི་འདུག
     སྐྱས་སྤོས་འབྲོག་པ་པད་མས་གནས་ཚུལ་དེ་དག་མཐོང་སྐབས་འཕྲལ་མར་ཕྱུགས་རིགས་གུར་གྱི་ཉེ་འགྲམ་དུ་དེད་དེ་གཟན་རྩྭ་སྐམ་པོ་སྟེར་ནས་ལུས་ཤུགས་རྒྱས་པར་བྱས།
     པད་མས་ང་རང་ཉེ་འགྲམ་གྱི་སྡོམ་མདའ་གྲོང་རྡལ་དཀར་ཆེན་གྲོང་ཚོའི་ཀུང་ཧྲེ་གཉིས་པ་ནས་ཡིན་པ་དང་ད་རེས་ཀྱི་གངས་སྐྱོན་ལ་ལུག་མགོ་གྲངས་30ལྷག་ཙམ་དང་འབྲི་གཡག་མགོ་གྲངས་4ཤི་སོང་། འོ་མཚོ་གྲོང་ཚོར་སྤོས་རྗེས་སྲིད་གཞུང་གིས་ཁ་གསབ་སྤྲད་པའི་ཡུག་པོའི་གཟན་རྩྭ་དོ་པོ་20ཉོས་པ་ཡིན། རིན་གོང་ཡང་ཁྲོམ་ར་ལས་ཕྱེད་ཀ་ཙམ་གྱིས་ཁེ་བ་འདུག་ཅེས་བཤད།
     སྒོ་ཡོལ་ཕྱེ་སྐབས་པད་མ་སྨི་ངོས་གྲུ་20ཡང་མ་ཟིན་པའི་གུར་དུ་སྒྱེད་པུར་ཆུ་སྐོལ་བཞིན་འདུག་པ་དང་ཉིན་གུང་ཟ་འཕྲོར་ལུས་པའི་སྟབས་བདེའི་ཐུག་པའང་ཐབ་ཀྱི་ཟུར་དུ་བཞག་ཡོད་པ་དང་ཟུར་དུ་གཟན་རྩྭ་དང་ལྕི་བ་བཞག་འདུག བུ་གཉིས་ཉལ་ཁྲིའི་སྟེང་དུ་སྦྱང་ཚན་འབྲི་བཞིན་འདུག པད་མས་ལོ་10ལ་སླེབས་པའི་བསྟན་འཛིན་ཚེ་རིང་དང་ལོ་8ལ་སླེབས་པའི་བློ་བཟང་ཚེ་རིང་གཉིས་ཀ་ཁྲི་འདུ་རྫོང་ཝུན་ལེ་ལྟེ་བའི་ཞག་སྡོད་སློབ་གྲྭར་སྐྱོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
     གསར་འགོད་པ་མཐོང་སྐབས་ཕྲུ་གུ་གཉིས་པོས་འཚེར་སྣང་ཅུང་ཟད་བྱེད་ཀྱི་འདུག ཅི་འཕྲོས་མོལ་འཕྲོས་ཤོད་སྐབས་བསྟན་འཛིན་ཚེ་རིང་གིས་དགའ་སྤྲོའི་ངང“སྲིད་གཞུང་གི་ཨ་ཁུ་ལགས་ཚོས་ཕྱུགས་རིགས་ལ་རྩྭ་ཡོད་པའི་ས་ཆ་འཚོལ་རོགས་བྱས་པ་མ་ཟད། ཨ་ཕར་གཟན་རྩྭ་རྣམས་དབོར་རོགས་བྱས་པ་དང་ད་དུང་གངས་ལྷམ་ཡང་སྤྲད་བྱུང”ཞེས་བཤད།
     འོ་མཚོ་གྲོང་ཚོ་ནས་ཁ་བྲལ་སྐབས་དར་དམར་བཏགས་པའི་ཕིག་ཁ་རླངས་འཁོར་ཞིག་ལམ་ཟུར་དུ་བཞག་པ་མཐོང་བྱུང་། ཁ་ལོ་བ་བཀྲ་ཤིས་བསོད་ནམས་ནི་ཀྲུང་གོ་མི་དམངས་སྲོག་རྟེན་འགན་བཅོལ་ཡུལ་ཤུལ་ཡན་ལག་ཀུང་སིའི་འགན་བཅོལ་ཞིབ་བཤེར་བ་རེད།
     བཀྲ་ཤིས་བསོད་ནམས་ཀྱིས་གསར་འགོད་པར་ད་རེས་ཀྱི་གངས་སྐྱོན་ལ་སྡོམ་མདའ་གྲོང་རྡལ་གྱི་ཕྱུགས་རིགས་མགོ་གྲངས་2262ཤི་བས་འགན་བཅོལ་ཞིབ་བཤེར་བ་8ཀྱིས་ཉིན་མཚན་བལྟོས་མེད་ངང་ལས་ཀ་བྱས་པ་ཡིན། མིག་སྔར་ཕྱུགས་རིགས་མགོ་གྲངས་2160ལ་ཞིབ་བཤེར་བྱས་ཟིན་པ་དང་འགན་བཅོལ་དངུལ་ཉེ་དུས་གནོད་འཚེ་ཕོག་པའི་མང་ཚོགས་ཚོར་སྤྲོད་མཁན་རེད་ཅེས་བཤད།
     ཁྲི་འདུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་ཨུད་དང་སྲིད་གཞུང་གི་འབད་བརྩོན་ལྷོད་མེད་དང་འབྲོག་པ་མང་ཚོགས་ཀྱི་རང་སྐྱོབ་རོགས་རེས་འོག ད་ཐེངས་ཀྱི་གངས་སྐྱོན་ཚབས་ཆེ་རུང་དཔལ་འབྱོར་གྱོང་གུན་ཆེན་པོ་ཕོག་མེད་པ་དང་དེ་སྔ་རིམ་པ་གཅིག་པའི་གནོད་འཚེ་དང་བསྡུར་ན་གནོད་འཚེ་ཕོག་ཤུགས་90%ཡན་ཆུང་དུ་ཕྱིན་ཡོད་པ་རེད། “གེགས་སེལ་ལས་དོན་མུ་མཐུད་སྤེལ་བཞིན་ཡོད། ཟླ་5པའི་ཟླ་མཇུག་གོང་། ང་ཚོས་མུ་མཐུད་གནོད་འཚེའི་གནས་ཚུལ་གྱི་འགྱུར་ལྡོག་ལ་དོ་ཁུར་བྱས་ཏེ་གནོད་འཚེ་ཕོག་མཁན་འབྲོག་པ་དགུན་སྒྲོལ་ཐུབ་པར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་ཀྱི་ཡིན”ཞེས་ཉི་མ་ཚེ་རིང་གིས་བཤད།