འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་27ཉིན།

༄༅།།2018ལོར་རྨ་ཆུའི་སྟོད་རྒྱུད་ཀྱི་ཆར་ཆུ་འབབ་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་27ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ནས་ཤེས་རྟོགས་བྱས་པར། 2018ལོར་རྨ་ཆུའི་སྟོད་རྒྱུད་ཀྱི་ཆར་ཆུ་འབབ་ཚད་རྒྱུན་གཏན་ལས་མང་བ་དང་། 1961ལོ་ནས་གནམ་གཤིས་ཀྱི་ཟིན་ཐོ་ཡོད་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྒྱུག་ཁུལ་གཙོ་བོའི་ཆུ་རྒྱུན་མང་དུ་མངོན་གསལ་དོད་པོ་ཕྱིན་ནས་ཆར་ཆུ་མང་བའི་རྣམ་པ་ཡུན་རིང་རྒྱུན་འཁྱོངས་བྱུང་བ་རེད།
    མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་མ་ཀྲན་ལེང་གིས་2018ལོར་རྨ་ཆུའི་སྟོད་རྒྱུད་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི་711ཟིན་ནས་རྒྱུན་གཏན་ལས(1981ལོ་ནས་2010ལོ་བར)བཅུ་ཆ་གསུམ་མང་དུ་ཕྱིན་པ་དང་། ཟླ་8པ་དང་9པར་2012ལོ་ཚུན་གྱི་ཆུ་ཆེ་ཤོས་རྒྱས་ནས་ཚ་རྔ་འགག་ཆུ་མཛོད་ནས་ཆུ་ཐེངས་མང་ཤོར་བ་རེད། ལོར་ཆར་ཆུ་འབབ་ཚད་མང་ཉུང་ཞིབ་དཔྱད་གཏན་འཁེལ་གྱི་སྟོན་རྟགས་ལ་གཞིགས་ན། 2018ལོར་རྨ་ཆུའི་སྟོད་རྒྱུད་ས་ཁུལ་དུ་རྒྱུན་གཏན་དང་མི་འདྲ་བའི་ཆར་ཆུ་འབེལ་པོ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་དཔྱད་གཞིར་དབྱེ་ཞིབ་བྱས་པར་གཞིགས་ན། རྨ་ཆུའི་སྟོད་རྒྱུད་ཀྱི་ས་ཁུལ་ཁག་གི་ཆར་ཆུ་འབབ་ཚད་ཧའོ་སྨི་472.5ནས་986.9བར་ཟིན་ནས་རྒྱུན་གཏན་དང་བསྡུར་ན་18.4%ནས་65.1%བར་འཕར་བ་ལས་བྲག་དཀར་དང། འབའ། རྨ་སྟོད། རྨ་ཆེན། རྨ་ཆུ། ཁྱུང་མཆུ་བཅས་ཀྱི་གནམ་གཤིས་ས་ཚིགས་སུ་ཆར་ཆུ་འབབ་ཚད་བཅུ་ཆ་གསུམ་ཡན་མང་དུ་ཕྱིན་ཞིང་བྲག་དཀར་གནམ་གཤིས་ས་ཚིགས་སུ་ཆར་ཆུ་འབབ་ཚད་མང་ལ་འབབ་ཚད་མཐོ་ཤོས་ཟིན་ནས་བཅུ་ཆ་བདུན་ཟིན་ཡོད་པ་རེད།
     2018ལོར་རྨ་ཆུའི་སྟོད་རྒྱུད་ཐང་ནག་ཆུ་དཔྱད་ས་ཚིགས་སུ་ཆ་སྙོམས་ཆར་ཆུ་འབབ་ཚད་སྐར་ཆ་རེར་རྨི་རྒྱ་དཔངས་གྲུ་བཞི་912.7ཟིན་པ་དང་རྒྱུན་གཏན་དང་བསྡུར་ན་བཅུ་ཆ་ལྔ་མང་དུ་ཕྱིན་ནས་1989ལོ་ཚུན་གྱི་ཆར་ཆུ་འབབ་ཚད་མཐོ་ཤོས་ཀྱི་ལོ་ཡིན་པ་རེད།
     མ་ཀྲན་ལེང་གིས་སྤྱི་ཡོངས་ནས་བརྗོད་ན། རྨ་ཆུའི་སྟོད་རྒྱུད་ས་ཁུལ་དུ་ལོ་འཁོར་མོར་ཆར་ཆུ་འབབ་ཚད་མང་བའི་རྐྱེན་གྱིས་དུས་ཐུང་གི་འབྲུབ་དུས་ཐོན་མོད། འོན་ཀྱང་ཞིང་ལས་དང་གློག་མཁོ་འདོན་སོགས་དཔལ་འབྱོར་འཕེལ་རྒྱས་དང་། དེ་བཞིན་སྔོ་ཁེབས་བཟང་དུ་འགྲོ་བ་དང་། དབུས་སྨད་རྒྱུད་ཀྱི་ས་ཁུལ་གྱི་ཆུ་མཁོ་འདོན་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་བརྗོད།