འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་27ཉིན།

༄༅།།མཚོ་སྔོན་གྱི་ལྷོ་རྒྱུད་དུ་གངས་བབས་ནས་གེགས་སེལ་དང་། གནོད་འཚེ་ཉུང་གཏོང་། འགྲིམ་འགྲུལ་སྐྱེལ་འདྲེན་
བཅས་ལ་འགོག་རྐྱེན་འཕྲད་སྲིད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་27ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་དུ་ཟི་ལིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་གནམ་གཤིས་སྡེ་ཚན་གྱིས་སྔོན་བརྡ་བཏང་བར་གཞིགས་ན། ཟླ་2ཚེས་24ནས་27ཉིན་བར་མཚོ་སྔོན་ས་ཁོངས་སུ་གངས་མང་པོ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཡུལ་ཤུལ་དང་མགོ་ལོག་གི་ས་ཆ་མང་ཆེ་བར་གངས་འབྲིང་བ་འབབ་རྒྱུ་དང་། མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་དང་ཤར་རྒྱུད་ཀྱི་ཞིང་ཁུལ་དུ་གངས་མཐུག་ཚད་ལི་སྨི་5ཡན་འབབ་རྒྱུ་ཡིན་པ་རེད། དྲོད་ཚད་དམའ་བ་དང་གངས་བསྟུད་མར་འབབ་པའི་རྐྱེན་གྱིས་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་གངས་གསོག་བཞུར་མི་ཐུབ་པས། གེགས་སེལ་དང་། གནོད་འཚེ་ཉུང་གཏོང་། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ལ་འགོག་རྐྱེན་འཕྲད་སྲིད།
     སྲུང་སྐར་རྒྱང་ཚོར་གྱི་ལྟ་ཞིབ་ཚད་ལེན་ལས་མངོན་པར་གཞིགས་ན། མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་གངས་གསོག་ཐེབས་ཁྱོན་གཙོ་བོ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་རང་སྐྱོང་ཀྲོའུ་ཡི་ཡུལ་ཤུལ་དང་། རྫ་སྟོད། ཁྲི་འདུ། རྨ་སྟོད། དར་ལག དགའ་བདེ། རྨ་ཆེན་སོགས་རྫོང་གྲོང་ཡིན་པ་དང་གངས་གསོག་ཐེབས་ཁྱོན་གྱིས་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་བཟུང་བའི་བསྡུར་ཚད་36.5%ནས་73.6%བར་རེད། ཡུལ་ཤུལ་དང་མགོ་ལོག་གི་ཤང་དང་གྲོང་རྡལ་ཁག་ཏུ་གངས་གསོག་ཐེབས་ཁྱོན་50%ལས་བརྒལ་བའི་ས་ཆ་22ཡོད་པ་ལས་རྫ་སྟོད་རྫོང་གི་བྱ་ཕུག་ཐང་གྲོང་རྡལ་དང་། ནང་ཆེན་རྫོང་གི་ཀ་གཞུང་ཤང་། རྨ་ཆེན་རྫོང་གི་གཡུག་གཞུང་ཤང་། རྨ་སྟོད་རྫོང་གི་མཛོ་རྒན་རྭ་བའི་གྲོང་རྡལ་སོགས་ཤང་དང་གྲོང་རྡལ་4ཡི་གངས་གསོག་ཐེབས་ཁྱོན་གྱིས་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་བཟུང་བའི་བསྡུར་ཚད་90%ལས་བརྒལ་ཡོད།
     གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་དེ་གོང་བསྟུད་མར་གངས་བབས་པའི་རྐྱེན་གྱིས་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་དུ་གངས་གསོག་ཐེབས་ཁྱོན་ཆེ་བ་དང་མཐུག་པོ་ཡོད་པས་ད་ཐེངས་སླར་ཡང་གངས་འབབ་ཡུན་ཅུང་རིང་བ་དང་རྒྱུན་མཐུད་དྲོད་ཚད་དམའ་རུ་སོང་ནས་གངས་བཞུར་མ་ཐུབ་པར་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་གེགས་སེལ་དང་། གནོད་འཚེ་ཉུང་གཏོང་། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ལ་འགོག་རྐྱེན་འཕྲད་སྲིད། མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྨྱན་སྦྱོར་སྣ་ཚོགས་བརྒྱུད་འབྲེལ་ཡོད་ཀྱི་ལྟ་ཞིབ་ཚད་ལེན་དང་། གནམ་གཤིས་སྔོན་བརྡ། ཉེན་ཟོན་ཉེན་བརྡ་བཅས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་མཁན་ཡིན་པས་འབྲེལ་ཡོད་ས་གནས་ཁག་གིས་དུས་ཐོག་ཏུ་དོ་སྣང་དང་འབྲེལ་འགོག་སྲུང་གྲ་སྒྲིག་གི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བརྗོད།