འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་26ཉིན།

༄༅།།ཀན་ལྷོའི་རྩྭ་ཐང་གི་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་མཱ་ཏུང་མའེ་ཕྱུག་པོ་ཆགས་པ། 

སྒོར་ཁྲི་50  2017ལོའི་ཟླ་10པར་སྒོ་ཕྱེ་བ་ནས་བཟུང་མཱ་ཏུང་མའེ་ཡི་ཁྱིམ་ཚང་མགྲོན་ཁང་དུ་ཡོང་མཁན་སྐུ་མགྲོན་ཤིན་ཏུ་མང་བ་དང་། 2018ལོ་ཁོ་ནར་ལས་གཉེར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་ཡོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་26ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་2ཚེས་24ཉིན་གློག་འཕྲིན་འབྱོར་གསལ། དང་པོའི་བཅོ་ལྔའི་དུས་ཆེན་བཏང་ཚར་མ་ཐག་ཀན་ལྷོའི་རྩྭ་ཐང་ཧྲིལ་པོར་རབ་དཀར་ཁ་བའི་འདབ་མས་ཡོངས་སུ་བཀླུབས་ནས་དངུལ་མདོག་གི་ཞིང་ཁམས་ཞིག་དང་གཉིས་སུ་མ་མཆིས། དགོང་ཟས་དུས་ཚོད་འཆར་ལ་ཉེ་ཞིང་ཁང་ཕྱིའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲིའི་ཏུའུ་10ཙམ་ལ་སླེབས་ནའང་། རྒྱ་ཁྱོན་སྨི་ངོས་གྲུ་200ལྷག་ཙམ་ཡོད་པའི་མཱ་ཏུང་མའེ་ཡི་ཁྱིམ་ཚང་མགྲོན་ཁང་ཚ་སོབ་སོབ་ཏུ་གནས་ཡོད། ཁོང་གིས་སྡེར་མ་སྒྲིག་ཞོར་དུ་ལོ་གསར་རྗེས་ཀྱི་ཡོང་འབབ་རྩིས་རྒྱག་བཞིན“འདི་ལོ་ཡང་ཡོང་འབབ་ཡག་པོ་ཡོང་བཟོ་འདུག”ཅེས་བཤད།
      ཀན་སུའུ་ཁྱིམ་ཚང་མགྲོན་ཁང་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུའི་རྒྱུད་ཀྱི་གྲོག་རོང་ཆེ་མོའི་མཐོ་དམན་མི་གཅིག་པའི་བྲག་རིའི་གྲིབ་གཟུགས་ཁྲོད་མ་རུ་གྲོང་རྡལ་དཔའ་ཡུལ་གྲོང་ཚོའི་སེར་མདོག་དང་། དམར་མདོག སེར་སྐྱའི་མདོག་བཅས་གཙོ་བོར་བྱས་པའི་རྩྭའི་ཁང་པ་ཁ་ཤས་མིག་ལམ་དུ་ཁྲ་ཆིལ་ལེར་མངོན་འོང་བ་དང་། མཱ་ཏུང་མའེ་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་ཡང་དེར་གནས་ཡོད།
     ནང་དུ་ཡར་འཛུལ་མ་ཐག་ཐབ་སྟེང་དུ་ཚགས་ཤའི་རྡོར་བླུགས་པའི་འབྲས་ཐུག་བཀོལ་བཞིན་ཡོད་པ་དང་དེའི་གཞོགས་སུ་འཁོལ་མ་ཐག་པའི་འོ་མ་ཧུའུ་གང་བཞག་འདུག དེའི་འགྲམ་གྱི་བང་ཁྲིའི་སྟེང་དུ་མར་དང་། ཚགས་ཤ། ཤིང་ཏོག་སྐམ་པོ་བཅས་བཞག་ཡོད་པ་དེ་དག་ནི་ལོ་གསར་ལ་ཟ་ཁང་སྒོ་ཕྱེ་རྗེས་མགྲོན་པོར་སྣེ་ལེན་ཞུ་བྱེད་རེད། “ཉིན་ལྟར་སྒྲོག་རྩེ་བདུན་བརྒྱད་ཀྱི་སྐུ་མགྲོན་ལ་སྣེ་ལེན་ཞུ་དགོས་པ་དང་མི་མང་པོ་ཞིག་ནི་མགྲོན་པོ་རྙིང་པ་ཤ་སྟག་རེད”
     2017ལོའི་ཟླ་10པར་སྒོ་ཕྱེ་བ་ནས་བཟུང་མཱ་ཏུང་མའེ་ཡི་ཁྱིམ་ཚང་མགྲོན་ཁང་དུ་ཡོང་མཁན་སྐུ་མགྲོན་ཤིན་ཏུ་མང་བ་དང་། 2018ལོ་ཁོ་ནར་ལས་གཉེར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་ཡོད། “ཡུལ་སྐོར་བྱེད་མང་བའི་སྐབས་སུ་མི་མང་དྲགས་ནས་ལྟོ་ཟ་དུས་གྲལ་སྒྲིག་དགོས་ཀྱི་ཡོད”དེར་བརྟེན་ཁོང་གིས་གྲོང་ཚོ་གཅིག་པའི་དུད་ཚང་དབུལ་པོའི་ཁྱིམ་ཚང་གཉིས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱ་ཆེད། དུས་ཡུན་རིང་པོ་རོགས་པར་སྐད་བཏང་བ་དང་། ཡུལ་སྐོར་བྱེད་མཁན་མང་ཉུང་ལ་མ་ལྟོས་པར་ཟླ་རེའི་གླ་ཆ་གྲངས་ཚང་སྤྲོད་ཀྱི་ཡོད།
     “དེ་སྔ་ཡིན་ཚེ་དེ་ནི་བསམ་མི་ཕོད་པ་ཞིག་རེད”མཱ་ཏུང་མའེ་སྡོད་སའི་དཔའ་ཡུལ་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་པ་དང་ལོ་ཁ་ཤས་གོང་གནས་དེ་ནི་གང་སར་སྐད་གྲགས་ཡོད་པའི་ས་ཆ་སྐྱོ་པོ་ཞིག་རེད། མ་གཞི་དཔའ་ཡུལ་གྲོང་ཚོའི་ཡུལ་ལྗོངས་མཛེས་ཀྱང་ས་ཁམས་གནས་ཡུལ་བལྟོས་བཅས་ཀྱིས་བཀག་སྡོམ་ཡིན་པས་འགྲིམ་འགྲུལ་སྟབས་བདེ་མེད། དེ་ནས་ཐོན་པའི་ནོར་ལུག་གི་ཤའི་སྤུས་ཚད་ཡག་པོ་ཡོད་མོད། འོན་ཀྱང་ཕྱིར་ཚོང་བྱེད་སའི་ཐབས་ལམ་རྒྱ་ཆེན་པོ་མེད་པས་མང་ཚོགས་ལ་ཡོང་འབབ་དེ་ཙམ་ཡོང་གི་མེད།
    དུས་ཚོད་རིང་པོའི་ནང་མཱ་ཏུང་མའེ་ཡི་ནང་མི་རྣམས་ལོ་40ཡི་གོང་བརྒྱབ་པའི་ཤིང་ཁང་ཆུང་ཆུང་ཞིག་གི་ནང་སྡོད་ཀྱི་ཡོད། འཚོ་བའི་ཆེད་བཟའ་ཚོ་གཉིས་ཀ་ནང་སོག་ཏུ་གླ་པར་ཕྱིན་ནས་ཨར་སྐྲུན་བྱ་ཡུལ་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལས་ཀ་བྱེད་དགོས་ཀྱི་ཡོད། “ཁོང་གཉིས་ཀྱིས་ལོ་གཅིག་དཀའ་བ་སྤྱད་ཀྱང་ཡོང་འབབ་སྒོར་ཁྲི་2ཙམ་ལས་རག་གི་མེད། ལོ་དེ་དག་ནང་ཁོང་གཉིས་ཀྱིས་དཀའ་ལས་ག་ཚོད་བརྒྱབ་པ་གྲངས་ཀྱིས་ག་ལ་ཟིན།”
     2016ལོར་དཔའ་ཡུལ་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
     དཔའ་ཡུལ་གྲོང་ཚོའི་ཡུལ་ལྗོངས་ཧ་ཅང་མཛེས་པ་དང་མང་ཚོགས་རྣམས་གཞུང་དྲང་བབ་ཆགས་ཤ་སྟག་ཡིན་པ་དང་དམངས་སྲོལ་གྱི་ཉམས་འགྱུར་ཟབ་མོ་ལྡན་པས། ལོ་ཁ་ཤས་གོང་ནས་དེར་ཡོང་མཁན་ཡུལ་སྐོར་བ་མཚམས་ཆད་ཀྱི་མེད།
     2016ལོར་གནས་དེ་གའི་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་དང་། སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་སྐྲུན་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་ཁང་པ་136སྒྱུར་བཀོད་བཏང་ཡོད། གནས་ཚུལ་དེ་ཐོས་རྗེས་མཱ་ཏུང་མའེ་ཡི་སེམས་ནང་རང་ཉིད་ཀྱིས་ཁ་ལག་ཡག་པོ་བཟོ་ཤེས་པས་ཕ་ཡུལ་དུ་ཕྱིར་ལོག་ནས་ཁྱིམ་ཚང་མགྲོན་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར།
     གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་མཱ་ཏུང་མའེ་ཡིས་ཤིང་ཁང་གསར་བཟོ་བྱས་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་རྩྭ་ཁང་བསྐྲུན་པ་དང་། གྲོང་ཚོའི་ནང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་པར་གྱུར་ཡོད། དཔའ་ཡུལ་གྲོང་ཚོའི་ཡུལ་སྐོར་ལས་རིགས་མ་གཞི་འགོ་བཙུགས་མ་ཐག་ཡིན་ནའང་ཁྱིམ་ཚང་མགྲོན་ཁང་གིས་མཱ་ཏུང་མའེ་ཡི་འཚོ་བ་ཡག་ཏུ་ཕྱིན་ཡོད། “ཟ་ཁང་བཙུགས་རྗེས་ཕྲུ་གུ་གཉིས་ཀྱི་འཚོ་བའི་གྲོན་དངུལ་ཐག་གཅོད་ཐུབ་བྱུང”ཞེས་བཤད།
     མིག་སྔར། དཔའ་ཡུལ་གྲོང་ཚོར་དུད་ཚང་18ཀྱིས་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད་པ་དང་ལོར་ཡོང་འབབ་སྒོར་ཁྲི་9ཙམ་ཡོང་གི་ཡོད། ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་གཙོ་བོར་བྱས་པའི་གྲོང་གསེབ་ཡུལ་སྐོར་ཞབས་ཞུའི་ལས་རིགས་གྲོང་ཚོ་དེའི་གཙོ་ཁྲིད་ཐོན་ལས་སུ་གྱུར་ཡོད། མ་རུ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཉིང་ཆིས་གྲོང་ཚོས་ད་དུང་ཉེ་འགྲམ་གྱི་གྲོག་རོང་ཆེ་མོའི་A4རིམ་པའི་མཛེས་ལྗོངས་ཁུལ་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རྩྭ་ཁང་གསར་སྐྲུན་བྱས་ཏེ་ཡུལ་སྐོར་སྔར་བས་འཕེལ་རྒྱས་བཏང་ནས་མི་དེ་བས་མང་བ་མཱ་ཏུང་མའེ་བཞིན་ཕྱུག་པོར་འགྱུར་བ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།