འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་22ཉིན།

༄༅།།ཕྱི་འབྲེལ་པུས་ཀྲུང་གོས་མུ་མཐུད་ནས་5Gཚུད་པའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་
ཡིན་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་22ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག  ཀྲུང་གོས་མུ་མཐུད་མཉམ་གྲོས་དང་།  མཉམ་སྐྲུན་།  མཉམ་སྤྱོད་བཅས་ཀྱི་རྩ་དོན་གཙོ་བོར་བཟུང་ནས། ཕྱོགས་ཁག་དང་མཉམ་དུ་རབས་ལྔ་པའི་སྒུལ་བདེའི་འཕྲིན་གཏོང་ལག་རྩལ(5G)ཚུད་པའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མིའི་རིགས་ཡོངས་ཀྱི་བདེ་རྩར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     གསར་འགོད་པ་ཞིག་གིས། གཟའ་འཁོར་རྗེས་མར། འཛམ་གླིང་གི་སྒུལ་བདེའི་འཕྲིན་གཏོང་ཚོགས་ཆེན་པཱ་སད་ལའོ་ནཱར་འཚོག་རྒྱུ་རེད། 5Gལག་རྩལ་དེ་ཚོགས་འདུའི་བརྗོད་གཞི་གཙོ་བོའི་གྲས་སུ་འགྱུར་ངེས་རེད། དུས་སྐབས་ཤིག་རིང་། ཀྲུང་གོའི་ཁེ་ལས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་5Gདྲ་རྒྱའི་འཛུགས་སྐྲུན་ནང་ཞུགས་པའི་ཐད་གཏམ་བཤད་འདྲ་མིན་བྱུང་ཡོད།  མི་ཁག་གཅིག་གིས་ཀྲུང་གོའི་ཁེ་ལས་ཀྱི་ཐོན་རྫས་དང་སྒྲིག་ཆས་ལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གནས་ཡོད་པ་ངོས་འཛིན་བྱས་ནས།  དེ་5Gདྲ་རྒྱ་འཛུགས་སྐྲུན་ནང་ནས་ཕྱིར་འབུད་བྱེད་དགོས་པ་བཤད་ཡོད། དེའི་ཐད་ཁྱེད་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཀེང་ཧྲོང་གིས། 5Gནི་མདུན་སའི་ཚན་རྩལ་རྣམ་གྲངས་ཤིག་ཡིན་པས་རྒྱལ་ཁབ་ག་གེ་མོ་ཞིག་གམ་ཡང་ན་རྒྱལ་ཁབ་ག་གེ་མོ་ཁག་གཅིག་གི་ཆེད་གཏོགས་ཤིག་མིན་ཞིང་། དེ་ནི་གོ་ལ་ཏྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ཕན། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་བཅས་ཀྱི་དོན་ཆེན་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཞེས་བརྗོད་པ་རེད། ཁོང་གིས། 5Gལག་རྩལ་ནི་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་རླབས་རྒྱུན་འོག་རྒྱལ་ཁབ་ཁག་གིས་སྤེལ་རེས་མཉམ་ལས་བྱས་པའི་ཐོན་དངོས་ཤིག་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུན་མོང་ཐོག་དབང་བའི་ཚན་རྩལ་མཐོ་བའི་གསར་གཏོད་འབྲས་བུ་ཞིག་ཡིན། དེ་ནི་གོ་ལ་ཧྲིལ་བོའི་ཐོན་ལས་ཀྱི་སྦྲེལ་ཐག་དང་། མཁོ་འདོན་གྱི་སྦྲེལ་ཐག རིན་ཐང་གི་སྦྲེལ་ཐག་བཅས་ཚད་མཐོའི་མཉམ་འདྲེས་ཤིག་ཡིན་པས་མིས་ཁ་བྲལ་གཏོང་ཐུབ་པ་ཞིག་མིན། དེ་ལྟར་མིན་ན་གཉིས་ཕན་མཉམ་ཐོབ་ཀྱི་སྣེ་མང་མཉམ་ལས་ལ་ཤུགས་རྐྱེན་ཐེབས་པ་དང་།  སྒོ་དབྱེ་བསྟུན་མཁས་ཀྱི་ཁྲོམ་རའི་ཁོར་ཡུག་ལ་གནོད་འཚེ་བཟོ་སྲིད་ལ། འདྲ་མཉམ་དང་། དྲང་བདེན། མཐོང་ཆུང་མེད་པའི་རྒྱལ་སྤྱིའི་རྩ་དོན་ལ་ཡང་གཏོར་བཤིག་ཐེབས་ངེས་རེད་ཅེས་བརྗོད་པ་རེད།