འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎བོད་ལྗོངས་ཀྱིས་དཔེ་རྙིང་བམ་པོ་13000ཙམ་ཡོངས་བཤེར་ཐོ་འགོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་19ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་ཡོངས་བཤེར་བྱས་ཚར་བའི་དཔེ་རྙིང་གི་གྲངས་འབོར་ཧ་ལམ་་བམ་པོ་13700ཙམ་ཟིན་པ་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་དཔེ་རྙིང་ཡོངས་བཤེར་ལས་དོན་སྤྱིར་ནས་ལེགས་གྲུབ་བྱུང་བ་རེད།
     བོད་ལྗོངས་ཀྱི་དཔེ་རྙིང་ཡོངས་བཤེར་ལས་དོན་དེ་2009ལོ་ནས་དངོས་སུ་སྤེལ་འགོ་ཚུགས་ཤིང་། རིགས་ཁག་གི་དཔེ་རྙིང་ཉར་ཚགས་བྱེད་མཁན་སྡེ་ཚན་1160ཙམ་ལ་བསྡོམས་རྩིས་བྱས་པ་དང་། དེའི་ནང་གི་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། བོད་ལྗོངས་ཡིག་ཚགས་ཁང་བཅས་རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་སྡེ་ཚན་དུ་བདམས་པ་རེད། མིག་སྔའི་བར་ལྷ་ས་དང་མངའ་རིས། ཆབ་མདོ་བཅས་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་དཔེ་རྙིང་ཡོངས་བཤེར་ལས་དོན་སྤྱིར་ནས་ལེགས་གྲུབ་ཟིན་པས། ཚང་བཤེར་ཆད་གསབ་བྱེད་པའི་དུས་རིམ་དུ་སླེབས་ཡོད།
     དཔེ་རྙིང་ཡོངས་བཤེར་དང་ཆབས་ཅིག་ཏུ་བོད་ལྗོངས་ཀྱིས་ད་དུང་དཔེ་རྙིང་གྲངས་གཞི་ཅན་དུ་བསྒྱུར་ནས་སྲུང་སྐྱོང་བྱེད་པ་དང་། གཏོར་སྐྱོན་ཤོར་བའི་དཔེ་རྙིང་ཉམས་གསོ་བྱེད་པའི་ལས་དོན་སྤེལ་བ་རེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་དཔེ་རྙིང་བམ་པོ་62(ཤོག་ལེ8324)གྲངས་གཞི་ཅན་དུ་བསྒྱུར་ཚར་བ་དང་། གཏོར་སྐྱོན་ཤོར་བའི་དཔེ་རྙིང་15(ཤོག་ལེ2248)ཉམས་གསོ་བྱས་ཚར་བས། གནའ་དཔེ་རྩ་ཆེན་འབོར་ཆེན་ཞིག་སྲུང་སྐྱོབ་ཡག་པོ་བྱུང་ཡོད་པ་རེད།
     བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པ་སྤེན་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་རྗེས་མར་ཕོ་བྲང་པོ་ཏ་ལ་དང་། ས་སྐྱ་དགོན་པ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་དེ་བཞིན་བོད་ལྗོངས་དཔེ་མཛོད་ཁང་། བོད་ལྗོངས་སློབ་ཆེན་གྱི་དཔེ་མཛོད་ཁང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དཔེ་མཛོད་ཁང་གི་དཔེ་རྙིང་ཡོངས་བཤེར་ལས་དོན་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། 2020ལོར་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན།
     བོད་ལྗོངས་ཀྱིས་བོད་ཡིག་དཔེ་རྙིང་མང་པོ་ཞིག་ཉར་ཚགས་བྱས་ཡོད་ལ། ཉར་ཚགས་བྱེད་པའི་སྡེ་ཚན་གཙོ་བོ་དགོན་པ་ཡིན། ད་ཡོད་ཀྱི་བོད་ཡིག་དཔེ་རྙིང་གི་ཉར་ཚགས་བྱེད་ཚད་བསྡོམས་འབོར་རྒྱལ་ཡོངས་ཀྱི་གསུམ་ཆ་གཉིས་ཟིན་ཡོད། རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་སྔོན་མའི་ཁག་ལྔ་པའི་ནང་བོད་ལྗོངས་ཀྱི་བམ་པོ་291(ཁག217) སྔ་རྗེས་སུ་གྲུབ་འབྲས་ཐོབ་པའི་ངང་ཚུད་པ་དང་། དཔེ་རྙིང་བམ་པོ་74ཁག་དྲུག་པའི་རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་གཞུང་ནང་རེ་ཞུ་བྱས་པ་རེད།