འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎རང་རྒྱལ་གྱིས“གཉིས་འཇོན་རྣམ་པའི”ཁྱད་ལྡན་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ▶ ཁྱབ་ཁོངས་5ཡི་ཐོག་ནས་འགོ་འཛུགས་རྒྱུ་དང་། ལོའི་ནང་ཁྱབ་ཁོངས་10ཙམ་ལ་བསྟུད་མར་སྤེལ་རྒྱུ་དང་། ས་ཁུལ་ཁག་གཅིག་གི་ཆ་རྐྱེན་དང་འཚམ་པའི་སློབ་གླིང་བདམས་ནས་ཚོད་ལྟའི་ལས་དོན་སྤེལ་རྒྱུ།
     ▶ སླད་ཕྱིན་ལོ་5ཡི་ལས་དོན་གཙོ་གནད་ཁ་གསལ་བཟོས་པ། 
     ▶ 2035ལོའི་དུས་འབྲིང་དང་དུས་རིང་གི་དམིགས་ཚད་དང་དེ་བཞིན་2050ལོའི་ཕུགས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་གལ་ཆེན་བཏིང་ཡོད།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་1ཚེས་24ཉིན《རྒྱལ་ཁབ་ལས་རིགས་སློབ་གསོ་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ནས་ལས་རིགས་སློབ་གླིང་དང་། ཉེར་སྤྱོད་རྣམ་པའི་དངོས་གཞིའི་མཐོ་སློབ་ཏུ“སློབ་རྒྱུས་ལག་ཁྱེར+ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཁག་གཅིག”(1+Xལག་ཁྱེར)ལམ་ལུགས་ཚོད་ལྟ་བྱ་རྒྱུ་ཁ་གསལ་བཏོན་པ་དང་འབྲེལ་སློབ་མ་ཚོར་སློབ་རྒྱུས་ལག་ཁྱེར་ཐོབ་པ་བྱེད་པ་དང་ཆབས་ཅིག་རིགས་ཁག་གི་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཧུར་ཐག་ཐོབ་པ་བྱ་རྒྱུའི་སྐུལ་ལྕག་བྱས་ཡོད། དེ་ཉིན་གསར་འགོད་པར་སློབ་གསོ་པུས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་1+Xལག་ཁྱེར་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་ཟླ་3པ་ནས་བཟུང་སྤེལ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་རེད།
     ངོ་སྤྲད་བྱས་པར་གཞིགས་ན། ཚོད་ལྟའི་ལས་དོན་དེ་ཁྱབ་ཁོངས་5ཡི་ཐོག་ནས་འགོ་འཛུགས་རྒྱུ་དང་། ལོའི་ནང་ཁྱབ་ཁོངས་10ཙམ་ལ་བསྟུད་མར་སྤེལ་རྒྱུ་དང་། ས་ཁུལ་ཁག་གཅིག་གི་ཆ་རྐྱེན་དང་འཚམ་པའི་སློབ་གླིང་བདམས་ནས་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དང་འབྲེལ། ཚོད་ལྟའི་ཞིང་ཆེན་གྱིས་རང་བརྟེན་རེ་ཞུའི་བྱེད་ཐབས་སྤྱོད་རྒྱུ་དང་། ཚོད་ལྟའི་སློབ་གྲྭས་རང་བརྟེན་རེ་ཞུ་དང་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་འོས་སྦྱོར་བྱེད་ཐབས་སྤྱད་ནས་གཏན་འཁེལ་བྱ་རྒྱུ། ཚོད་ལྟའི་ནང་ཚུད་མེད་པའི་ཞིང་ཆེན་དང་སློབ་གྲྭས་ཀྱང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་བླང་བྱ་གཞིར་བཟུང་རང་འགུལ་ངང་ཚོད་ལྟའི་ལས་དོན་སྤེལ་ཆོག
     《རྒྱལ་ཁབ་ལས་རིགས་སློབ་གསོ་སྒྱུར་བཅོས་ལག་བསྟར་ཇུས་གཞི》ནི་དུས་རབས་གསར་པའི་ལས་རིགས་སློབ་གསོ་ཡག་པོ་གཉེར་རྒྱུའི་རྩེ་རིམ་ཇུས་འགོད་དང་ལས་སྒྲུབ་ཀྱི་འཆར་གཞི་ཞིག་རེད། 《ཇུས་གཞིའི》ནང་དུས་རབས་གསར་པའི་ལས་རིགས་སློབ་གསོ་ཡག་པོ་གཉེར་རྒྱུའི་འཐབ་ཇུས་བཀོད་སྒྲིག་གི་ཞིབ་ཕྲའི་བྱ་སྤྱོད་འགའ་ཞིག་ཞིབ་ཚགས་སུ་བཏང་ནས་ཕྱོགས་7ཐད་ཀྱི་སྲིད་ཇུས་བྱེད་ཐབས་20བཏོན་པའི་ནང་སློབ་རྒྱུས་སློབ་གསོ་དང་གསོ་སྦྱོང་གལ་ཆེ་མཉམ་དུ་འཇོག་པའི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་ལམ་ལུགས་སྒྲོམ་གཞི་འཐུས་སྒོ་ཚང་དུ་བཏང་ནས“1+Xལག་ཁྱེར་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུ(སློབ་རྒྱུས་ལག་ཁྱེར+ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར)”ཐོན་སློབ་མཉམ་འདྲེས་ཀྱི་སློབ་གྲྭ་དང་ཁེ་ལས་ཀྱིས་མི་སྣ་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། སྣེ་མང་སློབ་གཉེར་གྱི་རྣམ་པ་གཏོད་ནས་ནུས་ཤུགས་ཡོད་རྒུས་ཁེ་ལས་ཞུགས་པ་དང་ལས་རིགས་སློབ་གསོ་གཉེར་བའི་ནང་གནས་འགུལ་ཤུགས་འཕེལ་བར་བྱ་རྒྱུ། ལག་རྩལ་རྩལ་ནུས་ཀྱི་ཤེས་ལྡན་མི་སྣར་ལྕག་སྐུལ་བྱེད་པའི་འགན་ལེན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལས་རིགས་སློབ་གསོའི་སློབ་གཉེར་སྤུས་ཚད་ལྟ་སྐུལ་མཛུབ་སྟོན་གདེང་འཇོག་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་སློབ་གསོའི་སྤུས་ཚད་གདེང་འཇོག་མ་ལག་འཛུགས་རྒྱུ། ཏང་གིས་ལས་རིགས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་རིགས་སློབ་གསོའི་ལས་དོན་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་རྒྱུ་སོགས་ཚུད་ཡོད།
     “《ཇུས་གཞིའི》ལས་རིགས་སློབ་གསོ་དང་སྤྱིར་བཏང་སློབ་གསོ་ནི་སློབ་གསོ་རིགས་མི་འདྲ་བ་གཉིས་ཡིན་པ་དང་འདྲ་མཉམ་གྱི་གནས་བབ་གལ་ཆེན་ལྡན་ཡོད་པས། ལས་རིགས་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ལམ་བུ་གསར་པ་གཏོད་པ་དང་། ལས་རིགས་སློབ་གསོ་སྒྱུར་བཅོས་ཟབ་གཏོང་གི་ལམ་རིས་དང་། དུས་ཚོད་རེའུ་མིག ལས་འགན་ཇུས་གཞི་བཅས་བཏོན་པ། སླད་ཕྱིན་ལོ་5ཡི་ལས་དོན་གྱི་གཙོ་གནད་ཁ་གསལ་བཟོ་བ་བཅས་བྱས་ཏེ། 2035ལོའི་དུས་འབྲིང་དང་དུས་རིང་གི་དམིགས་ཚད་དང་དེ་བཞིན་2050ལོའི་ཕུགས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་གལ་ཆེན་བཏིང་ཡོད། 《ཇུས་གཞིས》ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་ཀྱི་ཚད་གཞི་ཁག་གཅིག་འཛུགས་པ། རྨང་གཞི་ལྡན་ལ་བཀོལ་སྤྱོད་ཆོག་པའི་རྣམ་གྲངས་གལ་ཆེན་བཏོན་པ། སྒྱུར་བཅོས་ཀྱི་ཚོད་ལྟ་གལ་ཆེན་ཁག་གཅིག་སྤེལ་རྒྱུ་སོགས་ཀྱི་ཐད་གསར་གཏོད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད”ཅེས་སློབ་གསོ་པུའི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སིའི་སི་ཀྲང་ཝང་ཅིས་ཕིང་གིས་ངོ་སྤྲོད་བྱས།
     གསར་འགོད་པར་ད་དུང་ཤེས་རྟོགས་བྱུང་བར། 《རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོ་སྒྱུར་བཅོས་ལག་བསྟར་ཇུས་གཞི》དོན་འཁྱོལ་བྱ་ཆེད་སློབ་གསོ་པུས་ད་དུང“གཉིས་འཇོན་རྣམ་པའི”ཁྱད་ལྡན་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་འབྲེལ། 《དུས་རབས་གསར་པའི་ལས་རིགས་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི》ཞིབ་བཟོ་བྱ་རྒྱུ་རེད། རིམ་དབྱེ་དང་རིགས་དབྱེའི་སྒོ་ནས་ལས་རིགས་སློབ་གསོའི་དགེ་རྒན་གྱི་ཆེད་ལས་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དུས་རབས་གསར་པའི“གཉིས་འཇོན་རྣམ་པའི”དགེ་རྒན་གྱི་བྱང་ཚད་ཐད་ཀྱི་རྒྱལ་ཁབ་ཀྱི་བླང་བྱ་གསལ་དུ་བཏང་བ་དང་་ཆབས་ཅིག་ལས་རིགས་ལག་རྩལ་དགེ་འོས་སློབ་གླིང་གི་ཁྱབ་ཚུལ་གྲུབ་ཆ་བཟང་སྒྲིག་བྱས་ནས་དགེ་འོས་སློབ་གླིང་གིས་གཙོ་བོ་བྱེད་པ་དང་། ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞུགས་པ། ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་དགེ་རྒན་གསོ་སྦྱོང་བཅས་ཀྱི་མ་ལག་གསར་པ་བསྐྲུན་རྒྱུ་དང“གཉིས་འཇོན་རྣམ་པའི”དགེ་རྒན་གྱི་ཐོབ་ཐང་འཇུག་འཐུས་དང་བསྐོ་སྤྱོད་དོ་དམ་ལམ་ལུགས་འཛུགས་རྒྱུ་རེད།
     ད་དུང“‘1+X’ལག་ཁྱེར་ལམ་ལུགས་ཚོད་ལྟ་དང་བྱ་སྤྱོད་ཕྱོགས་སྟོན་སློབ་ཁྲིད་སྒྱུར་བཅོས་གཉིས་འབྲེལ་མཐུད་བྱས་ནས་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ལྡན་པའི་དགེ་རྒན་ཁག་གཅིག་གསོ་སྦྱོང་བྱ་རྒྱུ་རེད། ལོ་5ཡི་དུས་འཁོར་རེའི་དགེ་རྒན་རེས་སྐོར་གསོ་སྦྱོང་བྱ་རྒྱུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དགེ་རྒན་གསར་པར་དུས་ཡུན་ལོ་གཅིག་གི་སློབ་གསོ་ལྟ་སྦྱོང་དང་དུས་ཡུན་ལོ་3གྱི་ཁེ་ལས་ལག་ལེན་ལམ་ལུགས་འཛུགས་རྒྱུ་རེད”ཅེས་སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་སི་ཀྲང་གཞོན་པ་ཧོང་ཝེས་ངོ་སྤྲད་བྱས།