འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎ཡུལ་ཤུལ་གྱི་གངས་སྐྱོན་ལ་རྒྱལ་ཁབ་ཀྱི་གེགས་སེལ་འཕྲལ་སྡོམ་བརྡ་ལན་རིམ་པ་བཞི་པ་ལག་ལེན་བསྟར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་རིང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མངའ་ཁོངས་སུ་གངས་ཆེན་ཐེངས་མང་བབས་པ་དང་། ཟླ་2ཚེས་19ཉིན་གྱི་ཆུ་ཚོད་བརྒྱད་པའི་བར་ཀྲོའུ་ཡོངས་ཀྱི་གྲོང་ཁྱེར་1གི་རྫོང་ལྔའི་ཤང་གྲོང་28ཀྱི་དུད་ཚང་12931གི་མི་58289ལ་གནོད་སྐྱོན་ཕོག་ནས་རོགས་སྐྱོབ་བྱེད་དགོས་ཀྱི་ཡོད། སྒོ་ཕྱུགས་མགོ་གྲངས་ཁྲི་68.8ལ་གཟན་ཆག་དཀོན་པ་དང་། དུད་ཚང་1497གྱི་མི་4634སྐྱས་སྤོ་དགོས་པ། ཁྱོན་སྒོ་ཕྱུགས་མགོ་གྲངས་21090(འབྲི་གཡག་མགོ་གྲངས་17847དང་། ར་ལུག་མགོ་གྲངས་3148 རྟ་མགོ་གྲངས་95)ཤི་བ། རྫ་སྟོད་རྫོང་དུ་རི་དྭགས་མགོ་གྲངས་219ཤི་བ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་6547.899བཟོས་ཡོད།
     མཚོ་སྔོན་ཞིང་ཆེན་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་ཐིང་གིས་ཟླ་2ཚེས་18ཉིན་གྱི་ཆུ་ཚོད་14དང་སྐར་མ་25ལ་ཞིང་ཆེན་གྱི་གེགས་སེལ་འཕྲལ་སྡོམ་བརྡ་ལན་རིམ་པ་གསུམ་པ་ལག་ལེན་བསྟར་ཏེ། འབྲེལ་ཡོད་ཚན་པ་ཁག་ལ《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་རོགས་སྐྱོབ་འཕྲལ་སྡོམ་སྔོན་ཇུས》ཀྱི་འགན་འཁྲིའི་ལས་བགོས་གཞིར་བཟུང་ལས་འགན་གཙང་སྒྲུབ་དང་། མཐུན་སྦྱོར་མཉམ་འགུལ། ཆ་འཕྲིན་སྦྲེལ་མཐུད་བཅས་བྱས་ནས་ཡུལ་ཤུལ་གྱི་གེགས་འགོག་གེགས་སེལ་གྱི་ལས་དོན་གང་ཐུབ་ཀྱིས་བསྒྲུབས་ནས་གནོད་འཚེས་བཟོས་པའི་གྱོང་གུན་ཆུང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། ཟླ་2ཚེས་18ཉིན་གྱི་ཆུ་ཚོད་15ལ་འཕྲལ་སྡོམ་པུས་རྒྱལ་ཁབ་ཀྱི་གེགས་སེལ་འཕྲལ་སྡོམ་བརྡ་ལན་རིམ་པ་བཞི་པ་ལག་ལེན་བསྟར་བ་རེད། མིག་སྔའི་བར་2019ལོའི་ལོ་འཁོར་གྱི་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི་900དང་ཟླ་དང་པོ་ནས་གཉིས་པའི་བར་གྱི་དམངས་སྲིད་ཀྱི་འཚོ་བའི་ཁ་གསབ་མ་དངུལ་ཁག་ཚང་མ་དམིགས་སར་འབྱོར་ཡོད། གཞན་ཡང་ཀྲོའུ་དང་རྫོང་རིམ་པའི་འཕྲལ་སྡོམ་གནོད་འཚེའི་ཁ་གསབ་མ་དངུལ་སྒོར་ཁྲི་115སྤྲད་པ་དང་། གེགས་སེལ་འབྲུ་རིགས་ཏུན་480.3དང་། ཐུག་པ་རྒྱ་མ་ཁྲི་5 རྡོ་སོལ་ཏུན་500 སྨི་ངོས་གྲུ་20ཟིན་པའི་གེགས་སེལ་གུར་360 སྲིང་བལ་བར་ཚངས་ཀྱི་གྱོན་གོས་ཆ་ཚང་4300 སྲིང་བལ་བར་ཚངས་ཀྱི་ཕོ་ཁེབས་1640 སྐམ་གློག་འཕྲུལ་འཁོར་10བཅས་སྤྲད་པ་རེད།
     མཚོ་སྔོན་ཞིང་ལས་གྲོང་གསེབ་ཐིང་གིས་གེགས་འགོག་ཕྱུགས་སྐྱོབ་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་2747སྔ་རྗེས་སུ་བཏང་བ་དང་ཡུལ་ཤུལ་ཀྲོའུ་ཡིས་སྒོར་ཁྲི་500བཏང་བ་རེད། རིམ་རྩིས་བྱས་ན་གཟན་རྩྭ་དང་གཟན་ཆག་ཏུན་35888.4དབོར་འདྲེན་བྱས་ནས་སྤྱིར་ན་དུད་ཚང་དུ་འབྱོར་ཟིན་པ་དང་སྒོ་ཕྱུགས་མགོ་གྲངས་65000ལྷག་ཙམ་སྐྱས་སྤོས་པ་རེད། འབྲོག་དུད་ཀྱིས་གཟན་རྩྭ་དང་གཟན་ཆག་གསོག་ཉར་གྱི་གནས་ཚུལ་ལ་ཚོད་རྩིས་བརྒྱབ་པ་གཞིར་བཟུང་། གནོད་འཚེ་ཕོག་ཁུལ་གྱིས་ཆ་སྙོམས་བྱས་ན་ཉིན་20ནས་30བར་གྱི་གསོས་རྒྱུན་འཁྱོངས་ཐུབ་ཀྱི་ཡོད། “འབྲོག་ལས་ཀྱི་གནོད་འཚེར་ཞིང་པས་རོགས་སྐྱོབ་དང་འབྲོག་པའི་གྱོང་གུན་ཞིང་པས་གསབ་པའི”བྱ་སྤྱོད་སྤེལ་འགོ་བཙུགས་ཤིང་། སྒོ་ཕྱུགས་བཤས་གཏོང་ཚད་མཐོ་རུ་བཏང་སྟེ་གྱོང་གུན་ཕོག་ཚད་ཉུང་དུ་ཆེས་ཆེར་བཏང་བ་མ་ཟད། འཆི་ཟིན་པའི་སྒོ་ཕྱུགས་ལ་གཅིག་གྱུར་གནོད་མེད་ཅན་གྱི་ཐག་གཅོད་བྱེད་པའི་ལས་དོན་སྤེལ་བ་རེད།
     ཡུལ་ཤུལ་ཀྲོའུ་འབྲོག་ལས་ཕྱུགས་རིགས་སྨན་པའི་ལས་དོན་ས་ཚིགས་ཀྱི་ཀྲན་ཀྲང་སུང་རེན་ཏེས་ད་ཐེངས་ཀྱི་གངས་སྐྱོན་ནི་ཉེ་བའི་ལོ་བཅུ་ཕྲག་རིང་གི་གངས་སྐྱོན་ཆེ་ཤོས་ཡིན་པ་དང་། སྤྱི་ཡོངས་ཀྱི་གནས་ཚུལ་ནས་བལྟས་ཚེ་རྒས་ལ་ཤ་ཤེད་སྐྱོ་བའི་སྒོ་ཕྱུགས་འཆི་ཚད་མཐོ་རུ་ཕྱིན་ཏེ་གྱོང་གུན་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད། འབྲོག་ལས་ས་ཚིགས་ཀྱི་ལས་དོན་མི་སྣས་གསོས་གྲབས་གསོག་བྱེད་སྒང་དང་བཤས་གཏོང་དགོས་པའི་ཁ་ཏ་བསླབ་བྱ་བྱེད་བཞིན་ཡོད་པ་དང་། སྲོག་ཆགས་ཀྱི་ཤི་རོ་གནོད་མེད་ཐག་གཅོད་དང་རིམས་ནད་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་བྱེད་བཞིན་ཡོད་ཅེས་བཤད།
     གངས་རྒྱུན་ཆད་མེད་པར་འབབ་པའི་གནས་ཚུལ་ཐད་ཡུལ་ཤུལ་ཀྲོའུ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས། གཞུང་ལམ་ཤར་བགྲོད་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་འདུག གངས་བཤངས་ཟིན་པའི་ལམ་དུམ་དུ་ཡང་བསྐྱར་གངས་གསོག་ཐེབས་ཀྱི་ཡོད་པས་གངས་གཤོང་བའི་ལས་ཀ་ཡང་ནས་ཡང་དུ་བྱེད་དགོས་པ་མ་ཟད། གངས་གཤོང་སྒྲིག་ཆས་སྔར་བཞིན་འདང་གི་མེད་སྟབས་གེགས་སེལ་དངོས་ཟོག་གྲོང་ཚོ་དང་དུད་ཚང་དུ་སྐྱེལ་བར་དཀའ་ངལ་ངེས་ཅན་འདུག་ཅེས་བཤད།