འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎ཕོར་ཐིའུ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་ཕོར་ཕྱི་འབྲེལ་བཙུགས་ནས་ལོ་40
འཁོར་བའི་སྣེ་ལེན་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་སི་པོན་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཕོར་ཐིའུ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཚེས་18ཉིན་གྱི་དགོང་མོ་ལི་སི་པོན་དུ་སྣེ་ལེན་ཚོགས་འདུ་འཚོགས་ནས་ཀྲུང་ཕོར་ཕྱི་འབྲེལ་བཙུགས་ཏེ་ལོ་40འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཕོར་ཐིའུ་ཀལ་གྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་དབྱི་ཀྲང་གི་འཐུས་མི་དབྱི་ཀྲང་གཞོན་པ་རུའོ་རེ·ལ་ཁང་གིས་ཤིས་ཚིག་སྒྲོན་སྐབས་ཕོར་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འགྲོ་འོང་དང་མཛའ་གྲོགས་དུས་རབས་5ཙམ་རྒྱུན་མཐུད་པ་དང་ད་ཆ་ཆབ་སྲིད་དང་དཔལ་འབྱོར་ཁྱབ་ཁོངས་ཐད་ཀྱི་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་འབྲེལ་བར་སྒུལ་ཤུགས་དང་གྲུབ་འབྲས་གསར་པ་བསྣན་ཡོད་ཅེས་བརྗོད་པ་དང་། ཁོང་གིས་2019ལོ་ནི་ཕོར་ཀྲུང་འབྲེལ་བའི་ངོས་ནས་བརྗོད་ན་རྒྱུན་གཏན་མིན་པའི་ལོ་ཞིག་ཡིན། རྒྱལ་ཁབ་གཉིས་པོས་རིག་གནས་དུས་ཆེན་གཉེར་ནས་ཕ་རོལ་པོའི་རྒྱལ་ཁབ་ཏུ་རང་རྒྱལ་ཁབ་ཀྱི་རིག་གནས་བརྒྱུད་བསྒྲགས་བྱ་རྒྱུ་རེད་ཅེས་བཤད། ཡང་ཁོང་གིས་ཀྲུང་གོར་ལོ་བཅུ་གྲངས་ཁ་ཤས་ནང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པ་ཞིག་ཡིན། དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་དམངས་འཚོ་ལེགས་གཏོང་ཐད་ཀྲུང་གོར་མཆོང་སྐྱོད་ཆེན་པོ་བྱུང་ཡོད་ཅེས་བཤད།
     ཕོར་ཐིའུ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚའེ་རུན་གྱིས་ཀྲུང་ཕོར་འབྲེལ་བའི་ལོ་40ཡི་འཕེལ་རྒྱས་ཀྱིས་ང་ཚོར་རྩ་ཆེའི་ཉམས་མྱོང་ཐོབ་ཡོད་ལ་བློ་སྒོ་ཡང་འབྱེད་ཡོད། འདི་ནི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་མཐོ་ཚད་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་བལྟ་སྟངས་འཛིན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐིའུ་ཀལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་མཉམ་ལས་དང་རང་ངོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་བས་ལེགས་པའི་ངང་ཟུང་འབྲེལ་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་ལ་དངོས་སྒྲུབ་མཉམ་ལས་ཀྱི་དགེ་མཚན་ལྡན་པའི་གྲུབ་འབྲས་སྔར་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་སྔར་བས་ལེགས་པའི་ངང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བཤད།
     ཉིན་དེའི་དགོང་མོར་ཕོར་ཐིའུ་ཀལ་གྱི་སྲིད་ཕྱོགས་ཀྱི་མི་སྣ་དང་། ལས་རིགས་ཁག་གི་མི་སྣ། ཕོར་ཐིའུ་ཀལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་སྦྱོང་སློབ་མའི་འཐུས་མི་བཅས་མི་གྲངས་400ཙམ་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད། ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་བའི་པར་རིས་འགྲེམས་སྟོན་ལའང་བལྟས་པ་རེད། འགྲེམས་སྟོན་བྱས་པའི་པར་རིས་50ཙམ་གྱིས་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་རླབས་ཆེན་གྲུབ་འབྲས་མངོན་པར་བྱས་ཡོད།