འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ལེ་ཧྲེན་ཀུང་སི་ནས་རིན་ཐང་ཨ་སྒོར་དུང་ཕྱུར་15.5ཟིན་པའི་
འཕུར་མདའ་འཕེན་གཏོང་མ་ལག་ཉོ་སྒྲུབ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨབ་ཀྲ་པེ་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དམག་དཔུང་ཕྱོགས་ཀྱིས་ཨ་རིའི་ལེ་ཧྲེན་ཀུང་སི་དང་གྲོས་མཐུན་བཞག་ནས་གོ་མཚོན་ལ་སྤྱོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་མཁའ་དམག་གི་འཕུར་མདའ་འཕེན་གཏོང་མ་ལག་ཉོ་སྒྲུབ་བྱ་རྒྱུ་དང་། གན་རྒྱའི་རིན་ཐང་བསྡོམས་གྲངས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་ལ་མུ་སྒོར་མོ་དུང་ཕྱུར་57(ཧ་ལམ་ཨ་སྒོར་དུང་ཕྱུར་15.5དང་མཚུངས་པ)ཟིན་ཡོད།
     ཚེས་17ཉིན། ཨབ་ཀྲ་པེའི་རྒྱལ་སྤྱིའི་འགོག་སྲུང་འགྲེམས་སྟོན་སྐབས་14པ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེ་རྒྱལ་ཁབ་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་པ་དང་། འགོག་སྲུང་འགྲེམས་སྟོན་གྱི་མགྲིན་ཚབ་པ་མུའུ་ཧན་མོ་ཏི·ཧ་ས་ཉིས་ཚེས་18ཉིན་ཕྱོགས་གཉིས་པོས་འགོག་སྲུང་འགྲེམས་སྟོན་གྱི་ཉིན་གཉིས་པར་གྲོས་མཐུན་དེར་མིང་རྟགས་བཀོད་པ་རེད་ཅེས་བརྗོད།
     གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགོག་སྲུང་འགྲེམས་སྟོན་གྱི་ཉིན་དང་པོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དྲག་ཆས་དཔུང་སྡེས་འགོག་སྲུང་གི་གན་རྒྱ་ཁག་33ལ་མིང་རྟགས་བཀོད་པར་ཁྱོན་དངུལ་འབོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་ལ་མུ་སྒོར་མོ་དུང་ཕྱུར་49.71(ཧ་ལམ་ཨ་སྒོར་དུང་ཕྱུར་13.55དང་མཚུངས་པ)ཟིན་པ་དེའི་ནང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དམག་དཔུང་ཕྱོགས་ཀྱིས་ལེ་ཧྲེན་ཀུང་སི་ནས་ཉོ་སྒྲུབ་བྱ་རྒྱུའི་རིན་ཐང་བསྡོམས་འབོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་ལ་མུ་སྒོར་མོ་དུང་ཕྱུར་13(ཧ་ལམ་ཨ་སྒོར་དུང་ཕྱུར་3.53དང་མཚུངས་པ)ཟིན་པའི“རྒྱལ་གཅེས་པའི”འཕུར་མདའི་མ་ལག་ཚུད་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་འགོག་སྲུང་འགྲེམས་སྟོན་དེ་ཉིན་5བྱ་རྒྱུ་དང་དེའི་ནང་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ནས་ཡོང་བའི་ཁེ་ལས་1200ལྷག་ཙམ་ཞུགས་ནས་རིག་ནུས་ཅན་དང་གཞི་གྲངས་ཆེ་མོ་སོགས་རྩེར་སོན་ཚན་རྩལ་རྒྱལ་སྤྱིའི་དམག་དོན་བཟོ་ལས་དང་འགོག་སྲུང་ཁྱབ་ཁོངས་ཀྱི་གསར་གཏོད་བཀོལ་སྤྱོད་གྲུབ་འབྲས་མངོན་གསལ་དོད་པོའི་སྒོ་ནས་མངོན་པར་བྱ་རྒྱུ་རེད།
     ཨབ་ཀྲ་པེའི་རྒྱལ་སྤྱིའི་འགོག་སྲུང་འགྲེམས་སྟོན་དེ་1993ལོར་འགོ་ཚུགས་པ་དང་། ལོ་གཉིས་རེར་ཐེངས་རེ་གཉེར་གྱི་ཡོད། མིག་སྔར་དེ་ནི་ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ལྡན་ཤོས་ཀྱི་འགོག་སྲུང་འགྲེམས་སྟོན་ཞིག་ཏུ་གྱུར་ཡོད་ལ། གོ་ལ་ཧྲིལ་པོའི་འགོག་སྲུང་སྒྲིག་ཆས་ཀྱི་འགྲེམས་སྟོན་རྩེ་གྲའི་གྲས་ཤིག་ཀྱང་རེད།