འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་20ཉིན།

༄༅༎བོད་ལྗོངས་ཀྱིས་ལྗོན་ཤིང་མེད་པའི་གྲོང་ཚོ་དང་ལྗོན་ཤིང་མེད་པའི་དུད་ཚང་80%མེད་པར་བཟོས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་20ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཏི་ཡག་ཤང་སྲིབ་སྐྱིད་གྲོང་ཚོའི་དཔལ་འབྱོར་ཤིང་འབྲས་ནགས་ཚལ་ཡིན་པ།
འདི་ནི་ཏི་ཡག་ཤང་སྲིབ་སྐྱིད་གྲོང་ཚོའི་དཔལ་འབྱོར་ཤིང་འབྲས་ནགས་ཚལ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་གཉིས་རིང་ལ། བོད་ལྗོངས་ཀྱིས་ནུས་ཤུགས་ཆེན་པོས་“ལྗོན་ཤིང་མེད་པའི་ཤང་གྲོང་དང་། ལྗོན་ཤིང་མེད་པའི་གྲོང་ཚོ་དང་ཚོགས་ཆུང་། ལྗོན་ཤིང་མེད་པའི་སྒོ་ར། ལྗོན་ཤིང་མེད་པའི་ཞིང་དུད། ལྗོན་ཤིང་བཏབ་མེད་པའི་ས་ཆ་བཅས་མེད་པར་བཟོ་བའི”“མེད་པ་བཟོ་བ་ལྔའི་”བྱ་སྤྱོད་སྤེལ་བས། མིག་སྔར་མཐོ་ཚད་སྨི་4300མན་གྱི་ས་ཁུལ་གྱི་“ལྗོན་ཤིང་མེད་པའི་གྲོང་ཚོ་”863མེད་པར་བཟོས་ཟིན་པ་དང་། “ལྗོན་ཤིང་མེད་པའི་དུད་ཚང་”ཁྲི་8.32ལྷག་ཙམ་མེད་པར་བཟོ་ཟིན་ཡོད་། དེས་མེད་པ་བཟོ་བའི་འཆར་གཞིའི་80%ཟིན་ཡོད།
     ནགས་བཟོ་སྔོ་སྒྱུར་ཐད་མ་དངུལ་གཏོང་ཚད་ཤུགས་ཆེར་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། ས་ཁུལ﹙ གྲོང་ཁྱེར་། ﹚  རྫོང་( ཆུས་) བཅས་རིམ་པ་གསུམ་གྱི་ནོར་སྲིད་ཀྱིས་ཐུན་མོང་ཐོག་མ་དངུལ་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་རྩ་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་མ་དངུལ་གཏོང་བའི་ལམ་ལུགས་འཛུགས་པ་རེད། མིག་སྔར་རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.25བཏང་ཟིན་ལ། མུ་མཐུད་སྡོང་ཕྲུག་ཉོ་སྒྲུབ་དང་། འདེབས་འཛུགས་ཡོ་བྱད་དང་སྒྲིག་ཆས། ཞིང་སྨན་སོགས་དངོས་རྫས་ཀྱི་མ་དངུལ་གཏོང་གྲངས་ཇེ་མང་དུ་གཏོང་རྒྱུ་ཡིན་པ་རེད།
     ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4300ཡན་གྱི་ས་ཁུལ་དུ་ཡུལ་བབ་དང་མཐུན་པའི་ལྕང་སོན་འདེམས་སྤྱོད་བྱས་ནས་སྡོང་ཕྲུག་འཛུགས་པའི་ཚོད་ལྟ་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་སྡོང་ཕྲུག་རིགས་གཅིག་མཁས་ཅན་དང་འབྲེལ་མཐུད་བྱས་ཏེ་སྲུང་སྐྱོང་བྱས་པའི་བྱེད་ཐབས་སྤྱད་ནས། “ཞིང་ནགས་མཉམ་འདུས་དང་། ཁབ་ལོའི་ཤིང་དང་ལོ་ཆེན་ཤིང་མཉམ་བསྲེས། ཚོན་མདོག་རྣམ་པར་བཀྲ་བ། དུས་ཚིགས་ཀྱི་དབྱེ་བ་མངོན་གསལ་ཆེ་བ་”བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་རྒྱུར་སྐུལ་འདེད་བཏང་བ་རེད། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་“ཀུང་སི་+ཞིང་དུད་”ཀྱི་བྱེད་ཐབས་ལ་བརྟེན་ནས། ཞིང་དུད་ཀྱིས་གསོ་སྐྱོང་བྱེད་པའི་རང་ཡུལ་གྱི་སྡོང་ཕྲུག་སྟེ་སྨྱུག་ལྕུག་དང་འཚོ་བཅུད་མྱུག་ཕོར་དུ་བཙུགས་པའི་སྡོང་ཕྲུག་སྟེ་རྒྱལ་རྩེའི་གླ་ཚེར་སྡོང་ཕྲུག་སྔོན་ལ་འདེམས་སྤྱོད་བྱས་པ་རེད། དེས་གསོན་ཚད་མཐོ་རུ་བཏང་པ་མ་ཟད། “ལྗང་འགྱུར་ལས་གནས་ཀྱི་ལས་ཞུགས་”དང“སྔོ་ལྗང་གིས་དམངས་ཕྱུག་”ཡོང་རྒྱུར་སྐུལ་ཁྲིད་ཀྱང་བྱས་པ་རེད། ཞིང་འབྲོག་མང་ཚོགས་ཤིང་འཛུགས་སྔོ་སྒྱུར་དང་བྱེ་འགོག་བྱེ་བཅོས་སོགས་སྣོད་བཅུད་འདུ་འགོད་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་པས། བོད་ལྗོངས་སུ་ལོ་རེར་མི་རེའི་ཆ་སྙོམས་འབབ་འཕར་སྒོར་3000ལྷག་ཟིན་པའི་ཞིང་འབྲོག་མང་ཚོགས་ཁྲི་10ལྷག་ཙམ་ཟིན་ཡོད་པ་རེད།
     ནག་ཆུ་གྲོང་ཁྱེར་གྱི་མཐོ་གྲང་ཤིང་འཛུགས་ཚོད་འདེབས་ལས་དོན་ལ་རྒྱབ་སྐྱོར་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་1000བཏང་ནས་མུའུ་170ཡོད་པའི་ཚོད་འདེབས་ཁུལ་འཛུགས་པ་རེད།  བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཆེད་དོན་མ་དངུལ་སྒོར་ཁྲི་118་བཏང་ནས་ནག་ཆུས་འདེབས་འཛུགས་བྱས་པའི་སྡོང་པོ་དགུན་དུས་སྒྲོལ་བའི་འགོག་སྲུང་བྱ་བར་སྤྱད་པ་རེད། མིག་སྔར་ནག་ཆུ་གྲོང་ཁྱེར་གྱིས་ལྗོན་ཤིང་མེད་པའི་གྲོང་ཚོ་257དང་ལྗོན་ཤིང་མེད་པའི་དུད་ཚང་14672མེད་པ་བཟོས་ཟིན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་མཐོ་ཚད་སྨི་4300མན་གྱི་“ལྗོན་ཤིང་མེད་པའི་གྲོང་ཚོ་”དང་“ལྗོན་ཤིང་མེད་པའི་དུད་ཚང”མེད་པ་བཟོ་རྒྱུར་གཞོལ་རྒྱུ་ཡིན་པ་རེད།