འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅༎ཐེ་རོན་ཕུས་གཅིག་བྱས་ན་ཟླ་5པའི་ཟླ་མཇུག་ཏུ་རི་པིན་ལ་འཚམས་འདྲི་བྱ་རྒྱུ་དང་ཟླ་6པར་སླར་ཡང་
རི་པིན་ལ་འཚམས་འདྲི་བྱ་སྲིད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན།  རི་པིན་སྲིད་གཞུང་གི་མི་སྣ་མང་པོས་ཚེས་18ཉིན་ར་སྤྲོད་བྱས་པར་གཞིགས་ན། ཨ་རིའི་ཙུང་ཐུང་ཐང་ན་ཏེ་· ཐེ་རོན་ཕུས་གཅིག་བྱས་ན་ཟླ་5པའི་ཚེས་26ནས་ཚེས་28ཉིན་བར་རི་པིན་ལ་འཚམས་འདྲི་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་། གལ་ཏེ་དེ་དངོས་སུ་འགྲུབ་ན། ཁོང་ནི་རི་པིན་གྱི་གནམ་བསྐོས་གོང་མ་གསར་པ་ཁྲིར་བཞུགས་རྗེས་མཇལ་འཛོམས་གནང་བའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཐོག་མར་གྱུར་སྲིད།
     རི་པིན་གྱི་གནམ་བསྐོས་གོང་མ་མིན་རན་ཟླ་4ཚེས་30ཉིན་ཁྲི་ནས་འབབ་རྒྱུ་དང་། རྒྱལ་སྲས་ཏི་རན་གྱིས་ཟླ་5ཚེས་1ཉིན་ཁྲིར་བཞུགས་རྒྱུ་རེད། སྲིད་གཞུང་གི་མི་སྣ་ཞིག་གིས་ཐུན་མོང་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པར་གཞིགས་ན། “ཨ་རི་ནི་རི་པིན་ལ་མཚོན་ན་ཆེས་གལ་འགངས་ཆེ་བའི་རྒྱལ་ཁབ་ཞིག་ཡིན་པ་དང་། གནམ་བསྐོས་གོང་མ་གསར་པས་ཐོག་མར་མཇལ་འཛོམས་གནང་རྒྱུའི་མི་སྣ་དེ་ཐེ་རོན་ཕུ་གཏན་འཁེལ་བྱས་པ་དེ་ནི་ཧ་ཅང་འཚམ་པོ་ཡོད་པ་རེད་”ཅེས་བརྗོད། འཚམས་འདྲིའི་དུས་ཚོད་དངོས་ད་དུང་གཏན་འཁེལ་བྱས་མེད་ལ། ཕྱོགས་གཉིས་པོས་མཐུན་སྦྱོར་བྱེད་བཞིན་ཡོད་པ་རེད།
     ཐུན་མོང་གསར་འགྱུར་ཁང་གིས་གསལ་འགྲེལ་བྱས་པར་གཞིགས་ན།   རི་པིན་ཕྱོགས་ཀྱིས་ཐེ་རོན་ཕུ་གནམ་བསྐོས་གོང་མ་གསར་པ་ཁྲིར་བཞུགས་རྗེས་ཐོག་མར་མཇལ་འཕྲད་གནང་རྒྱུའི་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣར་འདེམས་པ་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་རི་པིན་དང་ཨ་རིའི་མནའ་མཐུན་འབྲེལ་བ་བརྟན་པོ་ཡོད་པ་བསྟན་པའི་ཆེད་དུ་རེད་ཅེས་བརྗོད།  རི་པིན་དུ་འཚམས་འདྲི་གནང་རིང་། ཐེ་རོན་ཕུས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་ནས། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱ་རྒྱུ་དང་། ཁོང་གཉིས་མཉམ་དུ་ཀའོ་ཨར་ཕུའུ་སྤོ་ལོ་རྒྱག་སྲིད་ཅེས་བཤད་ཡོད་པ་རེད།
     ཏ་པན་དུ་ཟླ་6པར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་( G20)དབུ་ཚོགས་གཉེར་རྒྱུ་གཏན་འཁེལ་བྱས་ཟིན་པས་ཐེ་རོན་ཕུས་ཕལ་ཆེར་ད་དུང་རི་པིན་ལ་སླར་ཡང་འཚམས་འདྲི་བྱ་སྲིད། ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་གིས་དུས་ཚོད་ཐུང་ངུའི་ནང་རི་པིན་ལ་ཐེངས་གཉིས་འཚམས་འདྲི་བྱེད་པ་དེ་རྒྱུན་སྲོལ་དང་འདྲ་གི་མེད་ཅེས་བརྗོད།