འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅།།བོད་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་ཧུར་ཐག་བྱས་པས།

ན་ནིང་ཕྱི་ཕྱོགས་ཚོང་དོན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་47ལྷག་ཙམ་ཟིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      《བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་གྱི་འཆར་འགོད》བཏོན་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་མཉམ་འདྲེས་ཧུར་ཐག་ཡོང་བ་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
      ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་བོད་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་ཧུར་ཐག་ཡོང་བ་བྱས་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2018ལོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་དུས་བབ་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་ལོ་འཁོར་མོར་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་47.52ཟིན་ཡོད་པ་རེད།
     2018ལོ་ནས་བཟུང་བོད་ཀྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཛ་དྲག་དུས་བབ་ལ་ཁ་གཏད་ཧུར་ཐག་འཇལ་ནས་ཕྱིར་གཏོང་གི་ཡིད་རྟོན་འགན་བཅོལ་དང་མཐའ་མཚམས་ཀྱི་ཚོང་དོན་ཁེ་ལས་ཀྱི་ནུས་པ་འཛུགས་སྐྱོང་ཆེ་རུ་གཏོང་བ་སོགས་ཁེ་ལས་ལ་ཕན་པ་ཐོབ་པའི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་པ་དང་ཕྱི་ཕྱོགས་ཚོང་དོན་གྱི་གཉེར་སྐྱོང་བྱེད་པོའི་ཕྱོགས་བསྡུས་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་གང་མགྱོགས་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་དོན། ན་ནིང་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་47.52ཟིན་པ་དང་། མཐའ་མཚམས་གྲོང་མིའི་ཚོང་ཟོག་བརྗེ་རེས་ཀྱི་ཚོང་དོན་སྤྱིའི་རིན་ཐང་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཏེ་དུས་མཚུངས་ལས་169.3%འཕར་བ་དང་འཕར་ཚད་ཤུགས་ཆེན་པོ་ཡོད། ནེ་པ་ལར་ཕྱོགས་པའི་ཕྱོགས་གཉིས་ཀྱི་ཚོང་དོན་རིན་ཐང་དུས་མཚུངས་ལས་4.6%འཕར་བ་དེས་ལོ་འཁོར་མོའི་ཚོང་དོན་གྱི་སྤྱིའི་རིན་ཐང་གི་52.6%བཟུང་ཡོད་པ་རེད།
     ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འགན་འཁུར་བས་2018ལོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་དུས་བབ་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དེ་ནི་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་མངོན་ཡོད་དང་མངོན་མེད་ཁོར་ཡུག་གཉིས་ཀ་ལེགས་སུ་ཕྱིན་པ་ལས་བྱུང་བ་ཞིག་རེད། བོད་ཀྱིས་མཐའ་མཚམས་ཚོང་དོན་ཁྲོམ་ར་དང་མཐའ་མཚམས་གྲོང་མིའི་ཚོང་ཟོག་བརྗེ་རེས་ཉོ་ཚོང་བྱ་ཡུལ་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ“མཐའ་དར་དམངས་ཕྱུག”གི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད། 《བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་གྱི་འཆར་འགོད》བཏོན་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་མཉམ་འདྲེས་ཧུར་ཐག་ཡོང་བ་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། དེ་དང་ཆབས་ཅིག་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་དང་། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུར་སྐུལ་འདེད་དང་དང་ལེན་ཧུར་ཐག་ཞུས་པ་དང་། ཀྲུ་ནེའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་འཛུགས་སྐྲུན་ནང་མཉམ་འདྲེས་ཧུར་ཐག་ཡོང་བ་བཅས་བྱས་ཡོད་ཅེས་བརྗོད་པ་རེད།
     མཐའ་མཚམས་ཚོང་དོན་ནི་བོད་ཀྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་ཞིག་ཡིན། ཚོང་དོན་པུའུ་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་བོད་ཀྱིས་ཕྱི་ཕྱོགས་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་རང་བཞིན་གྱི་མ་རྩ་སྤྱད་དེ་སྐྱིད་གྲོང་དང་འགྲམ་འགག་སྒོའི་ཕྱོགས་སུ་ནེ་པ་ལར་རྒྱབ་སྐྱོར་གྱིས་གཞུང་ལམ་དང་ཟམ་པ་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་པས། སྐྱིད་གྲོང་དང་སྤུ་ཧྲེང་སོགས་ཀྱི་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཟམ་མི་ཆད་པར་ཐེབས་ནས་ནེ་པ་ལ་སོགས་ཉེ་འཁོར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།