འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎ཟླ་བའི་གོ་ལར་སླར་ཡང་ཀྲུང་གོའི་ས་མིང་5བསྣན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་དང་། ཀྲུང་གོ་ཚན་རིག་ཁང་། རྒྱལ་སྤྱིའི་གནམ་རིག་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གོང་ཚེས་ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། འཛམ་གླིང་ལ་ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པ་འབབ་སའི་ཟླ་བའི་གོ་ལའི་ས་ཁམས་ཀྱི་གདོས་བཅས་ལ་མིང་བཏགས་པ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་སྤྱིའི་གནམ་རིག་མཉམ་འབྲེལ་ལྷན་ཚོགས(IAU)ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པ་འབབ་ས་དང་དེའི་ཉེ་འཁོར་གྱི་ཟླ་བའི་གོ་ལའི་ས་ཁམས་ཀྱི་གདོས་བཅས་5ལ་མིང་བཏགས་པ་དང་ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པ་འབབ་སར་དགུ་ཚིགས་སྐྱ་མོའི་རྟེན་གཞི་ཞེས་མིང་བཏགས་པ་དང་། ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པ་འབབ་སའི་མཐའ་འཁོར་དུ་ཟུར་གསུམ་དུ་བང་བསྒྲིགས་ཀོང་དོང་སྒོར་སྒོར་གསུམ་ཡོད་པ་དེ་དག་ལ་སྐར་མ་ཐགས་མ་དང་། དགུ་ཚིགས་མདུན་སྐར། ཐེན་ཅིན་ཞེས་མིང་བཏགས་པ། ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པ་འབབ་སའི་ཕེང·ག་མེན་དོང་གི་དཀྱིལ་གྱི་སྣེ་རྩེར་ཐའེ་ཧྲན་ཞེས་མིང་བཏགས་པ་རེད། འདི་ནི་རང་རྒྱལ་གྱི་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་འདུ་འགོད་ལ་ཚན་རིག་དང་མཐུན་པའི་གྲངས་གཞིའི་གྲུབ་འབྲས་ཟླ་བའི་གོ་ལའི་ས་ཁམས་ཀྱི་གདོས་བཅས་ལ་མིང་འདོགས་པའི་ཐད་སྤྱད་ཐེངས་གལ་ཆེན་གཞན་ཞིག་རེད་ལ། རང་རྒྱལ་གྱིས་འཛམ་གླིང་གི་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་ལ་སླར་ཡང་ལེགས་སྐྱེས་ཕུལ་བ་ཞིག་ཡིན་པ་མ་ཟད། རྒྱལ་ཕྱི་རྒྱལ་ནང་གི་ཚན་རིག་མཁས་ཅན་ལ་ཚན་རིག་ཞིབ་འཇུག་དང་རིག་གཞུང་སྤེལ་རེས་ཐད་ས་གནས་ཚད་ལྡན་དང་རྨང་གཞིའི་གྲངས་གཞི་མཁོ་འདོན་བྱས་ཡོད།