འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎2018ལོར་རྒྱལ་ཡོངས་ཀྱི་གྲོང་གསེབ་མི་འབོར་དབུལ་པོ་ཁྲི་1386ཉུང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཧྲན་ཤིས་ཧན་ཀྲུང་མན་རྫོང་ལོ་ཐོ་ཞང་གྲོང་ཚོའི་ལོ་62ལ་སླེབས་པའི་གྲོང་མི་ལིའུ་ཧྲི་ཚའེ་ཡིས་འདི་ལོའི་དཔྱིད་གསར་དུས་ཆེན་སྤྲོ་པོ་ཞིག་བཏང་ཞིང་། ན་ནིང་ཁོང་གིས་གསོ་ཚགས་བྱས་པའི་ཡུལ་ཟོག་སྦྲང་རྩི“དབུལ་སྐྱོར་ཤར་བགྲོད་མེ་འཁོར”བརྒྱུད་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱེད་མཁན་ཤིས་ཨན་མེ་འཁོར་འབབ་ཚུགས་ཀྱི་ལས་བཟོས་འགན་གཙང་བླངས་པས་ལོ་གཅིག་ལ་འབབ་འཕར་སྒོར་བདུན་སྟོང་ལྷག་ཙམ་བྱུང་ཡོད་པ་རེད། གྲོང་ཚོ་ཡོངས་ཀྱི་མཉམ་སྡེབ་ཡོང་འབབ་ཀྱང་སྒོར་ཁྲི་80ལྷག་ཙམ་ཟིན་ནས་དབུལ་པོ་ཐོན་ཚད་2.37%བར་ཆག་སྟེ་དབུལ་སྒྲོལ་བྱུང་བ་དང་དབུལ་ཞྭ་བདེ་བླག་ངང་ཕུད་ཡོད་པ་རེད།
     ཀྲུང་གོར་ན་ནིང་། ལིའུ་ཧྲི་ཚའེ་དང་འདྲ་བའི་དབུལ་སྒྲོལ་ཐུབ་པའི་ཞིང་པ་ཁྲི་1386ཟིན་ཞིང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་2ཚེས་15ཉིན་ཡོངས་བསྒྲགས་བྱས་པར། ཅུས་དེའི་རྒྱལ་ཡོངས་ཀྱི་གྲོང་གསེབ་དབུལ་པོའི་ལྟ་ཞིབ་ཚད་ལེན་གྱི་བརྟག་དཔྱད་ལ་གཞིགས་ན། ད་ལྟ་ལག་ལེན་བསྟར་བཞིན་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་དབུལ་པོའི་ཚད་གཞི་ཚད་ལེན་རྩིས་ཞིབ་བྱས་པར། 2018ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲོང་གསེབ་མི་འབོར་དབུལ་པོ་ཁྲི་1660ཡོད་པ་དེ་ལོ་གོང་མ་ལས་མི་ཁྲི་1386ཉུང་དུ་ཕྱིན་ཡོད་པ་དང་། དབུལ་པོ་ཐོན་ཚད་1.7%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གནས་1.4ཆག་ཡོད་པ་རེད།
     2018ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགོ་ཚུགས་ལོ་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་གནད་སྨིན་དབུལ་སྐྱོར་གྱི་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་འགོ་ཡག་པོ་ཚུགས་ཡོད། 2018ལོའི་ལོ་མཇུག་བར་རྒྱལ་ཡོངས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་2012ལོའི་ལོ་མཇུག་གི་མི་ཁྲི་9899ནས་མི་ཁྲི་1660བར་ཉུང་དུ་ཕྱིན་ནས་རིམ་རྩིས་ལྟར་ན་མི་ཁྲི་8239ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་2012ལོའི་10.2%ནས་1.7%བར་ཆག་ནས་རིམ་རྩིས་ལྟར་ན་བརྒྱ་ཆའི་གནས་8.5ཆག་ཡོད་པ་རེད།
     ས་ཁོངས་ཆེན་པོ་གསུམ་ལ་ཕྱེ་ནས་བལྟས་ན། 2018ལོར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཕྱོགས་ཡོངས་ནས་ཉུང་དུ་ཕྱིན་ཡོད་ཅིང་། ཤར་རྒྱུད་ས་ཁུལ་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་147ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི་153ཉུང་དུ་ཕྱིན་པ་དང་། དབུས་རྒྱུད་ས་ཁུལ་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་597ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི་515ཉུང་དུ་ཕྱིན་པ། ནུབ་རྒྱུད་ས་ཁུལ་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་916ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི་718ཉུང་དུ་ཕྱིན་ཡོད་པ་རེད།
     ཞིང་ཆེན་ཕྱེ་ནས་བལྟས་ན། 2018ལོར་ཞིང་ཆེན་ཁག་གི་གྲོང་གསེབ་ཀྱི་དབུལ་པོ་ཐོན་ཚད་ཡོངས་ཁྱབ་ཏུ་6%མན་ཆག་ཡོད་ཅིང་། དེའི་ནང་གྲོང་གསེབ་ཀྱི་དབུལ་པོ་ཐོན་ཚད་3%མན་ཆག་པའི་ཞིང་ཆེན་23ཡོད་པར། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ནང་སོག ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཧྥུའུ་ཅན། ཅང་ཤིས། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། ཧའེ་ནན། ཁྲུང་ཆིང་། སི་ཁྲོན། མཚོ་སྔོན། ཉིང་ཞ་སོགས་ཚུད་ཡོད་པ་རེད།