འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎བཀོད་སྒྲིག་ས་ཚིགས་ཀྱི་ལོ་གསར་དེ་སྔོན་ལྟར་འཁྲུག་ཆ་དོད།

—— བོད་ལྗོངས་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ས་ཚིགས་ཀྱི་ལོ་གསར་གྱི་མཐོང་ཐོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་སྨན་གླིང་རྫོང་ཕད་གྲོང་རྡལ་ལྷུང་པ་བཀོད་སྒྲིག་ས་ཚིགས་ཡིན་པ།
འདི་ནི་སྨན་གླིང་རྫོང་ཕད་གྲོང་རྡལ་ལྷུང་པ་བཀོད་སྒྲིག་ས་ཚིགས་ཡིན་པ།
     ཡར་ཀླུང་གཙང་པོའི་རོང་ཆེན་གྱི་མཛེས་ལྗོངས་ཁུལ་གྱི་དབུས་ཀྱི་གྲལ་སྟར་སྒྲིག་པའི་སྟབས་བདེའི་ཁང་པ་སྔོན་པོའི་མདུན་དུ་ཆུ་ཀ་ལ་ཡོད་པ་དང་ཁང་སྟེང་དུ་ཐབ་ཀྱི་དུ་བ་ལང་ལོང་དུ་འཕྱུར་བཞིན་འདུག ས་སྟོང་ཐོག་ཕྲུ་གུ་ཚོ་རྩེད་འཇོར་རོལ་བ་དང་རྒན་པ་ཚོས་སྤྲོ་སྣང་ལྡན་པའི་སྐོར་བྲོ་འཁྲབ་པས་རི་ཀླུང་ཡོངས་སུ་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་གྲགས།
     འདི་གར་ནི་སྨན་གླིང་རྫོང་ཕད་གྲོང་རྡལ་ལྷུང་པ་བཀོད་སྒྲིག་ས་ཚིགས་ཡིན་ཞིང་། གྲི་སྦས་གྲོང་ཚོའི་དུད་ཚང་43གྱི་མི་144འདི་གར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་བཞིན་ཡོད་པ་རེད།
     2018ལོའི་ཟླ་10ཚེས་17དང་ཚེས་29ཉིན་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་གྲོང་ཚོའི་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་དུམ་བུར་གཞི་ཁྱོན་ཆེ་བའི་རི་ཉིལ་བའི་གནོད་འཚེ་ཐེངས་གཉིས་ཐོན་ཏེ་འཁྱིལ་མཚོ་ཆགས་ནས་གྲི་སྦས་གྲོང་ཚོ་དང་རྒྱ་ལ་གྲོང་ཚོའི་མང་ཚོགས་ལ་གནོད་འཚེ་ཕོག་ཡོད་པ་རེད། ཏང་དང་སྲིད་གཞུང་གི་རོགས་སྐྱོར་དང་སྤྱི་ཚོགས་ལས་རིགས་ཁག་གི་སེམས་ཁུར་དང་རོགས་རམ་འོག་གནོད་འཚེ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བཀོད་སྒྲིག་བྱས་ནས་ཐོན་སྐྱེད་འཚོ་བ་རིམ་བཞིན་སླར་གསོ་ཐུབ་ཡོད་པ་རེད།
     གནོད་འཚེ་ཕོག་ཚབས་ཆེ་བའི་རྒྱ་ལ་གྲོང་ཚོའི་མང་ཚོགས་ཉིང་ཁྲི་གྲོང་ཁྱེར་དང་ཐག་ཉེ་བའི་བཀོད་སྒྲིག་ས་ཚིགས་ཤིག་ཏུ་སྤོས་པ་དང་། དུད་ཚང་9ཡི་མི་47དེ་གར་ལོ་གསར་དགའ་གཏོང་བྱས་པ་དང་ཁྱིམ་གྱི་ཕྱུགས་ཟོག་ཉེ་འཁོར་གྲོང་སྡེའི་སྤུན་མཆེད་ཚོར་གཡོག་བྱེད་བྱ་རྒྱུར་མངགས་ཡོད་པ་རེད། གྲོང་ཚོའི་ནང་ལོ་གསར་གཏོང་མ་ཐུབ་རུང་དུད་ཚང་ཚང་མས་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་འདང་ངེས་བྱས་ཏེ་རྒན་རྒོན་དང་ཕྲུ་གུས་གྱོན་ཆས་གསར་པ་གྱོན་པ་དང་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་ཞུས་ནས་དགའ་སྤྲོའི་ངང་ལོ་གསར་གཏོང་བཞིན་འདུག བཀོད་སྒྲིག་ས་ཚིགས་སུ་སྐབས་འགར་ཤོག་སྦག་གི་སྒྲ་དང་ཕྲུ་གུ་ཚོའི་དགོད་སྒྲས་ཁེངས་ནས་ལོ་གསར་གྱི་རྣམ་པ་ཟབ་མོ་ཡོད་པ་རེད།
     གསར་འགོད་པ་ལོ་55སླེབས་པའི་བུ་མཚོའི་ཁྱིམ་དུ་སླེབས་སྐབས་སྲིད་གཞུང་གིས་ཐབ་ཆས་དང་། ཁྲོ་ཐབ། འཁྱགས་སྒམ། ཧྲ་ཧྥ། ཉལ་ཁྲི། སྒྲོག་ཙེ་སོགས་འཚོ་བའི་མཁོ་ཆས་གཅིག་གྱུར་བཀོད་སྒྲིག་བྱས་ཡོད་པ་དང་། ཐབ་ཚང་གི་གྱང་ཟུར་དུ་མཐོ་ཚད་སྨི་2ལྷག་ཙམ་ཟིན་པའི་འབྲས་དང་གྲོ་ཞིབ་རས་ཕད་20ལྷག་ཙམ་རྩིག་འདུག སོལ་རླངས་ཐབ་སྟེང་ནས་ཤ་བཙོས་པའི་དྲི་ཞིམ་གང་སར་འཐུལ་བ་དང་། ཉི་གཡབ་ཐོག་གི་ཤ་སྐམ་དག་རླུང་ཕྱོགས་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད་བཞིན་འདུག
     “ལོ་གསར་གོང་སྲིད་གཞུང་གིས་འབྲས་དང་གྲོ་ཞིབ་དང་ཕག་ཀྲིན་སྤྲད་བྱུང་། ཁྱིམ་དུ་ཤ་དང་ཚལ་འདང་ངེས་ཡོད་ལ་ད་དུང་ཆང་ཡང་བསྙལ་ཡོད། བཀོད་སྒྲིག་ས་ཚིགས་དེར་སྤོས་ནས་ཟླ་3ལྷག་ཙམ་ཕྱིན་སོང་། འདི་གར་སྐྱིད་པོ་ཡོད་མོད། འོན་ཀྱང་གྲོང་ཚོ་གསར་པའི་ས་ཆ་ཡག་པོ་བདམས་རྗེས་ཁང་པ་གསར་པ་རྒྱག་རྒྱུའི་རེ་བ་ཡོད”ཅེས་བུ་མཚོས་བཤད་པ་རེད།
ད་དུང་དུས་ཆེན་རིང་རྒྱ་ལ་གྲོང་ཚོའི་ལས་དོན་རུ་ཁག་གིས་རིག་རྩལ་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་མཉམ་དུ་སྒོར་གཞས་འཁྲབ་པ་དང་མདའ་འཕེན་འགྲན་བསྡུར་བྱས་ཏེ་ལོ་གསར་དགའ་གཏོང་བྱས་ཡོད་པ་རེད།
འདི་ནི་གྲི་སྦས་གྲོང་ཚོའི་གྲོང་མིས་སྨན་གླིང་རྫོང་ཕད་གྲོང་རྡལ་ལྷུང་པ་བཀོད་སྒྲིག་ས་ཚིགས་ཀྱི་སྟབས་བདེའི་ཁང་པའི་ནང་ཤ་སྐམ་གསེང་གཏོང་བཞིན་པ།
འདི་ནི་གྲི་སྦས་གྲོང་ཚོའི་གྲོང་མིས་སྨན་གླིང་རྫོང་ཕད་གྲོང་རྡལ་ལྷུང་པ་བཀོད་སྒྲིག་ས་ཚིགས་ཀྱི་སྟབས་བདེའི་ཁང་པའི་ནང་ཤ་སྐམ་གསེང་གཏོང་བཞིན་པ།
འདི་ནི་གྲི་སྦས་གྲོང་ཚོའི་གྲོང་མི་དབང་མོས་སྨན་གླིང་རྫོང་ཕད་གྲོང་རྡལ་ལྷུང་པ་བཀོད་སྒྲིག་ས་ཚིགས་ཀྱི་སྟབས་བདེའི་ཁང་པའི་ནང་རང་གི་བུ་མོའི་སྐྲ་ཤད་བཞིན་པ།
འདི་ནི་གྲི་སྦས་གྲོང་ཚོའི་གྲོང་མི་དབང་མོས་སྨན་གླིང་རྫོང་ཕད་གྲོང་རྡལ་ལྷུང་པ་བཀོད་སྒྲིག་ས་ཚིགས་ཀྱི་སྟབས་བདེའི་ཁང་པའི་ནང་རང་གི་བུ་མོའི་སྐྲ་ཤད་བཞིན་པ།