འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎མི་ཚེ་གཅིག“ཁྱིམ”ཡག་པོ་སྲུང་གི་ཡིན།

——གཙང་གསུམ་ཆུ་འགོའི་སྣོད་བཅུད་བདག་སྐྱོང་བར་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དགུན་ཁ་ཤར་ཚུན་མཚོ་སྔོན་གཙང་གསུམ་ཆུ་འགོའི་རྩྭ་ཐང་དང་། མཚོ་མཚེའུ། རི་དང་ཤིང་ནགས་བཅས་ཚང་མ་རབ་དཀར་ཁ་བས་བཀླུབས་ཤིང་། སྐྱ་ཐིང་ཐིང་གི་ཁོར་ཡུག་ནང་གཙང་གསུམ་ཆུ་འགོའི་སྣོད་བཅུད་བདག་སྐྱོང་བའི་སྐོར་སྲུང་བྱེད་པའི་དར་ཆའི་དམར་མདངས་རབ་ཏུ་བཀྲ།
     2016ལོ་ནས་བཟུང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་ཚོད་ལྟ་བྱ་ཡུལ་དུ་སྣོད་བཅུད་བདག་སྐྱོང་གི་སྤྱི་ཕན་ལས་གནས་བཀོད་སྒྲིག་བྱས་པ་དང་ལས་འགན་གཙོ་བོ་ནི་བདག་སྐྱོང་ས་ཁོངས་ནང་གི་གད་སྙིགས་བསྒྲུག་རྒྱུ་དང་། རྩྭ་ར་སྲུང་སྐྱོང་། སྲོག་ཆགས་ལ་ལྟ་ཞིབ་དང་ལྐོག་རྔོན་སྔོན་འགོག་བཅས་ཡིན་པ་དང་མིག་སྔར་སྣོད་བཅུད་སྤྱི་ཕན་ལས་གནས་17211བཀོད་སྒྲིག་བྱས་ཡོད་པ་རེད།
     གསར་འགོད་པས་མགོ་ན་བ་དང་དབུགས་ཧལ་བ་སོགས་ལ་དུག་ཁྱད་དུ་བསད་དེ་ས་བབ་མཐོ་ཚད་སྨི་4200ཟིན་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོ་ཁུལ་གྱི་ལྟེ་བའི་སྲུང་སྐྱོང་ཁུལ་ཤིང་ཤིང་མཚེའུ་རུ་བསྐྱོད། གསར་འགོད་པས་མཚེའུ་འགྲམ་དུ་སྣོད་བཅུད་བདག་སྐྱོང་བ་སྐལ་བཟང་དང་མཉམ་དུ་བསྐྱོད་དེ་བཅར་འདྲི་བྱེད་ཀྱིན་ཟིན་བྲིས་བརྒྱབ་པ་དང་སྐར་མ་10ཡང་མ་སོང་བར་ལུས་ཤུགས་ཟད་ནས་སྐད་ཆའང་མི་ཐོན་པར་གྱུར།
     “ག་ལེར་འགྲོ། ལམ་ཐག་རིང་པོ་ཡོད་པས་བྲེལ་བ་བྱེད་མི་ཉན”ཞེས་སྐལ་བཟང་གིས་གོམ་པ་སྤོ་མཚམས་བཞག་སྟེ་གསར་འགོད་པར་བཤད།
     གཟུགས་པོའི་རིང་ཚད་ལ་སྨི་1.7ཙམ་ཡོད་པ་དང་། ངོ་གདོང་ནག་ལ་གཉེར་མས་ཁེངས་པ། སྐྲ་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་བ་བཅས་ལོ་40ལྷག་ཙམ་ལ་སླེབས་པའི་མིག་མདུན་གྱི་སྐྱེས་པ་དེ་ལོ་50ཡན་ལ་སླེབས་པ་ལྟར་རྒས་ཉམས་ཤིན་ཏུ་དོད།
     དུས་ཚོད་གང་ཙམ་བསྐྱོད་རྗེས་ཁོང་གིས་གད་ལམ་ཞོར་དུ་སྙིགས་སྒྲུག་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་འདྲེད་བརྡར་ཤོར་བ་དང་གསར་འགོད་པས་འཕྲལ་དུ་སྐྱོར་རོགས་བྱས། ཁོང་གིས“དགུན་ཁ་སྐོར་སྲུང་བྱེད་སྐབས་གནས་ཚུལ་དེ་རིགས་མང་པོ་ཐོན་གྱི་ཡོད། ད་ལྟ་རང་ལ་ནུས་ཤུགས་འདང་ངེས་ཡོད། ནུས་པས་མ་ལྕོགས་བར་དུ་ལྟ་སྲུང་ཡག་པོ་བྱེད་ཀྱི་ཡིན”ཞེས་གད་མོ་དགོད་བཞིན་བཤད།
     ལམ་བར་དུ་སྐལ་བཟང་གི་སྐད་ཆ་མང་པོ་མེད་ཀྱང་བཤད་པའི་སྐད་ཆ་དག་སེམས་འགུལ་ཐེབས་པ་ཞིག་འདུག ཁོང་གིས་གླེང་མང་ཤོས་ཀྱི་ཚིག་ནི“ཁྱིམ”ཞེས་པའི་ཚིག་དེ་རེད། “སུ་ཞིག་གིས་རང་ཉིད་ཀྱི་ཁྱིམ་ཡག་པོ་སྲུང་འདོད་མི་བྱེད་དམ། ཁྱིམ་ཡོད་ན་གཞི་ནས་སྤྲོ་སྣང་དང་རེ་བ་ཡོད”ཁོང་གིས་ཤོད་པའི“ཁྱིམ”དེར་དོན་སྙིང་གཞན་ཞིག་ལྡན་པ་གསར་འགོད་པས་ཤེས་རྟོགས་ཐུབ་ཡོད། གཙང་གསུམ་ཆུ་འགོ་ནི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཡིན་པ་དང་རྐང་པའི་འོག་གི་དག་ཞིང་དེས་ཀྲུང་ཧྭའི་ཤེས་དཔལ་སྐྱེད་སྲིང་བྱས་པས“ཁྱིམ”དེ་ཡག་པོ་བསྲུངས་ན་ཚེ་སྲོག་དང་ཤེས་དཔལ་གྱི་འབྱུང་རྩ་ཡག་པོ་སྲུང་ཐུབ།
     གསར་འགོད་པས་སྐལ་བཟང་གི་བློ་རྩ་བརྟན་པའི་མིག་ཟུང་ལ་ལྟ་བཞིན་དུ་སེམས་ནང་རང་ཤུགས་སུ་གུས་སེམས་སྐྱེས།
     ཉིན་གཉིས་པར་གསར་འགོད་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུ་ཆུ་འགོ་ཁུལ་རྣམ་སྲས་ཤང་བདག་སྐྱོང་ས་ཚིགས་སུ་བསྐྱོད་པ་དང་དེར་སྐལ་བཟང་ལྟར་བློ་རྩ་བརྟན་པའི་ན་གཞོན་སྣོད་བཅུད་བདག་སྐྱོང་བ་ཚེ་བརྟན་འཕྲད་བྱུང་།
     “ང་རི་སྐོར་བྱ་ཡུལ་དེའི་ཉེ་འགྲམ་དུ་རེད”ཚེ་བརྟན་གྱིས་སྦག་སྦག་རྙིང་པ་ཞིག་བཞོན་ཏེ་གསར་འགོད་པ་བསྐྱོན་ནས་མཉམ་དུ་རི་སྐོར་དུ་བསྐྱོད།
     རི་སྐོར་དུ་བསྐྱོད་པའི་ལམ་བར་དུ་སྦག་སྦག་འདྲེད་བདར་ཐེངས་མང་ཤོར་བ་དང་གཞོགས་ཤིག་གཡང་གཟར་ཡིན་པས་སྐྲག་སྣང་སྐྱེས་ཏེ་ལྟའང་ནུས་ཀྱི་མི་འདུག ས་བབ་མཐོ་ཚད་སྨི་4000ཙམ་ལ་སླེབས་སྐབས་གངས་གསོག་ཐེབས་ནས་ལམ་འགག་པ་དང་རི་མཐོ་ཞིང་གཡང་གཟར་བས་རྐང་ཐང་མར་འགྲོ་དགོས་བྱུང་།
     ཡུལ་གཞན་དུ་ལས་ཀ་བྱེད་པར་འགྲོ་འདོད་མེད་དམ་ཞེས་གསར་འགོད་པས་འདྲི་སྐབས། ཚེ་བརྟན་གྱིས“འགྲོ་འདོད་ཡོད། ཡིན་ནའང་ཡུལ་དེ་ནས་ཁ་བྲལ་ཕོད་ཀྱི་མི་འདུག དེར་ལྟ་སྲུང་བྱེད་འདོད་ཆེན་པོ་ཡོད”ཅེས་སྐད་ཤུགས་ཆུང་ངུས་བཤད།
     ཀྱག་ཀྱོག་གི་རི་ལམ་བརྒྱུད་ནས་ཆུ་ཚད་1ཙམ་བསྐྱོད་རྗེས་གསར་འགོད་པ་ལུས་ཤུགས་ཟད་དེ་ཕྱིར་ལོག་མ་བྱེད་ཀ་མེད་བྱུང་། ཁ་གྱེས་སྐབས་ཚེ་བརྟན་གྱིས“མུ་མཐུད་ས་ཆ་འདིར་ལྟ་སྲུང་བྱེད་བསམ་གྱི་འདུག རང་གི་ལས་ཀ་མ་འཕྱུགས་པ་བྱེད་བསམ་གྱི་འདུག”ཅེས་བཤད་བྱུང་།
     གསར་འགོད་པ་ཕྱིར་ལོག་པའི་ལམ་བར་དུ་གཙོད་དང་དབྲེ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཟས་འཚོལ་བ་དང་ཆུ་འཐུང་བ་ལ་སོགས་ཀྱི་རྣམ་པ་ཡང་ཡང་མཐོང་རྒྱུ་འདུག ཁོང་ཚོ་དང་ཐག་མི་རིང་བའི་སར་ནོར་ལུག་ཁྱུ་ཡིས་རྩྭ་ཟ་བ་དང་འབྲོག་པས་ལྕག་ཚན་གཡུག་གཡུག་བྱས་ནས་རྗེས་སུ་སྐྱོད་པ་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལྟ་ན་སྡུག་པའི་རི་མོ་ཞིག་དལ་གྱིས་ཕྱེ་བ་དང་གཉིས་སུ་མ་མཆིས།