འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎བོད་ཀྱི་ལོ་བརྒྱ་ཕྲག་རིང་གི“ཚྭ་ལུག་གནའ་ལམ”ནས་སྔོན་ཆད་ཀྱི་གྲ་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་སླར་ཡང་མངོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཁ་ཆེན་མཚོ་ནི་བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཚྭ་མཚོ་ཤང་གི་མངའ་ཁོངས་སུ་གནས་པ་དང་། ཁ་ཆེན་མཚོ་དང་། སྐྱེས་དཀར་མཚོ། ལྷོ་མ་རི་ཕུ་མཚོ་བཅས་གསུམ་ལ“བྲག་མཚམས་མཚོ་གསུམ”ཞེས་འབོད་ཀྱི་ཡོད། ཚྭ་མཚོའི་འགྲམ་དུ་འཚར་ལོངས་བྱུང་བའི་མི་རྣམས་ཀྱིས་ལོ་བརྒྱ་ཕྲག་ཁ་ཤས་རིང་དེ་གའི་ཚྭར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད།
     ས་གནས་དེ་གའི་མི་རབས་རྒན་གྲས་ཚོས་བརྗོད་པར་གཞིགས་ན། གནའ་སྔ་མོ་ནས་ཚྭ་ཚོང་རྒྱག་མཁན་དེ་གར་བཅའ་སྡོད་བྱེད་པ་དང་། འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མེད་སྟབས་ཁོང་ཚོས་བཏུས་པའི་རང་བྱུང་ཚྭ་སྒྱེ་མོའི་ནང་བླུགས་ཏེ་ལུག་ལ་བཀལ་ནས་མངའ་རིས་ཀྱི་སྤུ་ཧྲེང་དང་གཞིས་རྩེ་དང་དེ་བཞིན་རྒྱ་གར་དང་ནེ་པ་ལ་སོགས་སུ་དབོར་ཏེ་དངོས་ཟོག་བརྗེ་ཚོང་གི་ཐབས་ལ་བརྟེན་ནས་ཉོ་ཚོང་བྱས་ཏེ། ནས་དང་ཇ་བག་ཆུང་སོགས་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་དང་བརྗེ་ཡི་ཡོད། དེ་ལྟར་ཡུན་རིང་སོང་རྗེས་ཁོང་ཚོས་སྙན་གྲགས་ཅུང་ཆེ་བའི“ཚྭ་ལུག་གནའ་ལམ”བཏོད་ཡོད།
     2018ལོའི་ཟླ་6པར་ས་གནས་དེ་གའི་ཚྭ་ལུག་ལ་བཀལ་ནས་དབོར་བའི་གོམས་སྲོལ་དེ་བོད་རང་སྐྱོང་ལྗོངས་ཀྱི་ཁག་ལྔ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་ནང་བཅུག་པ་རེད།
     འདི་ལོ་ལོ་48ལ་སླེབས་པའི་བཀྲ་བཟང་གི་ཕ་ཚ་བུ་རྒྱུད་ཚང་མ་ཚྭ་མཚོའི་འགྲམ་དུ་འཚར་ལོངས་བྱུང་བ་དང་། ཁོང་གི་ཕ་ཆོས་དབང་ཡང་དེ་སྔ“ཚྭ་ལུག་གནའ་ལམ”ཐོག་གི་ཚོང་པ་ཞིག་རེད། ཁོང་གིས་རྟག་ཏུ་ཕའི་ས་ནས་ཕས་སྤོ་བོ་ལགས་དང་མཉམ་དུ་ལུག་ཁྱུ་དེད་དེ་གནའ་ལམ་བརྒྱུད་དངོས་ཟོག་བརྗེས་ནས་ལོག་ཡོང་བའི་གཏམ་རྒྱུད་ཉན་གྱི་ཡོད། “ཚྭ་དབོར་སྐབས་ཉུང་ཤོས་ལ་ལུག་20ལྷག་ཙམ་དང་མང་ཤོས་སྐབས་ལུག་བརྒྱ་ཙམ་གྱིས་ཚྭ་སྒལ་པར་འཁུར་བའི་རྣམ་པ་ཧ་ཅང་བརྗིད་ཆགས་པ་ཞིག་ཡོད”
     བཀྲ་བཟང་གིས་ངོ་སྤྲོད་བྱས་པར། ཕ་ཕྱིར་སྐྱོད་ཐེངས་གཅིག་ལ་ཟླ་བ་གཉིས་གསུམ་ཙམ་འགོར་བ་དང་། ཁོང་དང་སྤོ་བོ་ལགས་ཀྱིས་རྟག་ཏུ་མངའ་རིས་ཀྱི་སྤུ་ཧྲེང་བརྒྱུད་ཚྭ་དེ་དག་ནེ་པ་ལར་བཙོངས་རྗེས་ས་གནས་དེ་ག་ནས་ཇ་བག་ཆུང་དང་། རས། ནས་སོགས་ཀྱི་འཚོ་བའི་མཁོ་ཆས་ཉོས་ནས་ལོག་ཡོང་གི་ཡོད། “པཱ་ལགས་ཀྱིས་གསུངས་པ་ལྟར་ན། ལམ་རྒྱུད་དུ་བྲག་རི་གཡང་གཟར་ཤིན་ཏུ་སྐྱི་གཡའ་བ་ཞིག་ཡོད། ནམ་རྒྱུན་ལུག་དེད་ནས་འགྲོ་སྐབས་གཤིན་རྗེའི་འཕྲང་ལམ་འགྲིམ་པ་ལྟ་བུའི་འཇིགས་སྐྲག་ཡོད”
     སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་སྔོན་ཆད་ཀྱི་འཁྲུག་ཆ་དོད་པའི་གནའ་ལམ་དེ་དུས་ཀྱི་འགྲོས་དང་བསྟུན་ནས་མི་རྣམས་ཀྱིས་རིམ་བཞིན་བརྗེད་འགྲོ་བ་དང་། འོན་ཀྱང་བཀྲ་བཟང་གིས་ཕ་མེས་ཀྱི་ཤུགས་རྐྱེན་འོག“ཚྭ་ལུག་གནའ་ལམ”དེར་སྔར་བཞིན་བརྩེ་དུང་ཟབ་མོ་བཅངས་ཡོད། “སྔོན་ཆད་ཕ་མེས་ཚོས་ཚྭ་མཚོ་འཚོ་བརྟེན་དུ་བྱས་ཏེ་བློ་གྲོས་དང་དཀའ་སྤྱད་ལ་བརྟེན་ནས་རྒྱུ་ནོར་བཏོད་པ་དང་། ད་ལྟ་ཚོང་ལས་ཀྱི་གོ་སྐབས་ཧ་ཅང་མང་བས་ང་ཚོས་ད་དུང‘སྒུག་བརྟེན་སློང་གསུམ’བྱེད་དོན་མེད”ཅེས་བཀྲ་བཟང་གིས་བཤད།
     2005ལོར་ཚྭ་མཚོ་ཤང་བྱང་སྨད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱིས་དགེ་རྒྱས་རྫོང་དབུལ་སྐྱོར་གཞུང་ལས་ཁང་ལ་མ་དངུལ་སྒོར་ཁྲི་14རེ་ཞུ་བྱས་པ་དང་གྲོང་ཚོས་སྒོར་ཁྲི་13.8རང་གྲབས་བྱས་ཏེ་བྱང་སྨད་གྲོང་ཚོའི་དབུལ་སྐྱོར་ཚྭ་ར་བཙུགས། 2010ལོར་ཚྭ་ར་སྟོབས་ཆེར་བཏང་ནས་གྲོང་ཚོ་དེས་དངོས་སུ་དམངས་ཕན་མཉམ་ལས་ཁང་བཙུགས་པ་དང་བཀྲ་བཟང་གིས་མཉམ་ལས་ཁང་གི་འགན་འཁུར་བ་བྱས། ཚྭ“གཅིག་གྱུར་སྔོག་འདོན་དང་། གཅིག་གྱུར་དོ་དམ། གཅིག་གྱུར་གཉེར་སྐྱོང་། གཅིག་གྱུར་ཕྱིར་ཚོང”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པས་དཔལ་འབྱོར་ཕན་འབྲས་ཉིན་བཞིན་ལེགས་སུ་ཕྱིན་ཡོད་པ་རེད།
     “ལོ་བརྒྱ་ཕྲག་གོང་ཚྭ་ལུག་ལ་བཀལ་ནས་དབོར་གྱི་ཡོད། ད་ལྟ་ང་ཚོར་རང་ཉིད་ཀྱི་ཟོག་འདྲེན་རླངས་འཁོར་ཡོད་སྟབས་ང་ཚོའི་ཚྭ་རྣམས་ས་ཆ་གང་སར་སྐྱེལ་ཆོག་གི་ཡོད”ཅེས་བཀྲ་བཟང་གིས་བཤད་པ་དང་། ཁོང་གིས་མ་གཞི་ང་རང་ཆུང་དུས་ནས་ཚྭ་མཚོའི་ནང་གི་ཚྭ་བཟས་ནས་འཚར་ལོངས་བྱུང་ནའང་རྒྱལ་ཁབ་ཀྱིས་བཟའ་བྱའི་ཚྭར་གཏེར་རྒྱུ་ལྡན་ཚད་ལ་ཚད་གཞི་ངེས་ཅན་ཡོད་པས་མིག་སྔར་ང་ཚོས་སྔོག་འདོན་བྱས་པའི་ཚྭ་དེ་དག་གཙོ་བོ་བདེ་སྲུང་གི་གཟུགས་པོ་འཁྲུ་བྱའི་ཚྭར་འཚོང་གི་ཡོད་ཅེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཤང་དེས་ལོ་ལྟར་ཚྭ་སྔོག་འདོན་བྱེད་ཚད་ཏུན་500ནས་800ཙམ་བར་ཟིན་ཞིང་། འདི་ལོ་ཟླ་དང་པོ་ནས་ད་བར་ཏུན་420ཙམ་བཙོངས་ཡོད། 2017ལོར་མཉམ་ལས་ཁང་ལ་ཁྱོན་ཡོང་འབབ་བསྡོམས་སྒོར་ཁྲི་27ཙམ་བྱུང་བའི་ནང་ཡོང་འབབ་ཁེ་གཙང་སྒོར་ཁྲི་11ཙམ་བྱུང་ཡོད་པ་རེད།
     “ཚྭ་ལུག་གནའ་ལམ”གྱི་ལོ་རྒྱུས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཆེད། དཀོན་མཆོག་ཚེ་རིང་གིས་གསར་འགོད་པར། གོམ་སྟབས་རྗེས་མར་ཤང་དེས“ཚྭ་ལུག་གནའ་ལམ”གྱི་ཡུལ་སྐོར་ཐོན་ཁུངས་འོས་འཚམ་ངང་གསར་སྤེལ་བྱས་ཏེ་ཡུལ་སྐོར་བས་ཚྭ་སྔོག་འདོན་བྱེད་པའི་བརྒྱུད་རིམ་དངོས་སུ་མྱོང་ཚོར་ཐུབ་པ་བྱས་ཏེ། སྔོན་ཆད་གནའ་ལམ་དུ་ཚྭ་ལུག་ལ་བཀལ་ནས་དབོར་བའི་ལོ་རྒྱུས་ཀྱི་རྣམ་པ་སླར་ཡང་མངོན་རྒྱུའི་རེ་བ་ཡོད་ཅེས་བཤད།