འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎སྡེ་ཚན་བཅུ་ཡིས་བསམ་འཆར་བཀྲམ་ནས་ཆུ་ཐོན་གསོ་ཚགས་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཆུ་ཐོན་གསོ་ཚགས་ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་ཆེད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་བཅུ་ཡིས་མཉམ་དུ《ཆུ་ཐོན་གསོ་ཚགས་ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ་རེད། ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
     གསར་འགོད་པས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་དང་ཆུ་ཐོན་གསོ་ཚགས་ལས་རིགས་ལ་ཆེད་མངགས་དམིགས་པའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་དང་པོ་དེ་རེད། “དེས་མི་སེར་ལ་སྤུས་ལེགས་དང་། བདེ་འཇགས། ལྗང་མདོག སྣོད་བཅུད་བཅས་ཀྱི་ཆུ་ཐོན་མཁོ་འདོན་བྱ་རྒྱུ་མ་ཟད། ད་དུང་མི་སེར་ལ་ཆུ་མོ་དྭངས་ཤིང་རི་ཀླུང་སྔོ་ལྗང་དང་ཉ་མོ་ཆུ་ནང་རོལ་བའི་མཛེས་སྡུག་རྣམ་པ་མཁོ་འདོན་བྱ་རྒྱུ་རེད” ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེན་གྱིས་ཆུ་ཐོན་གསོ་ཚགས་ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་ནི་ཉ་ལས་ཐོན་ལས་ཁྱབ་ཚུལ་ལེགས་སྒྲིག་དང་ཉ་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད་ཅེས་ནན་བཤད་བྱས་ཡོད།
     ཆུ་ཐོན་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་བརྟན་ཐོག་ཡར་བརྩོན་ཡོད་ཅིང་། ཞིང་ལས་གྲོང་གསེབ་པུའི་ཉ་ལས་ཅུས་ཀྱི་ཅུས་ཀྲང་ཀྲང་ཤན་ལེང་གིས་ཆུ་ཐོན་ཐད་ལོ་དྲུག་བསྟུད་མར་ཐོན་ཁུལ་ལྟ་སྐུལ་འཐེན་བཤེར་གྱི་ཚད་ལོན་ཚད་ཚང་མ་99%ཡན་དུ་སླེབས་པ་དང་ཁྲོམ་རའི་འཆར་ཅན་ལྟ་ཞིབ་ཚད་ལེན་གྱི་ཚད་ལོན་ཚད་ཀྱང་2013ལོའི་94.4%ནས་2018ལོའི་97.1%མཐོ་རུ་ཕྱིན་ཏེ། ལོ་མང་རིང་ས་ཁོངས་རང་བཞིན་གྱི་ཆུ་ཐོན་སྤུས་ཚད་ཐད་ཀྱི་བདེ་འཇགས་དོན་རྐྱེན་ཆེན་པོ་ཐོན་མྱོང་མེད། “ཆུ་ཐོན་གསོ་ཚགས་ལས་རིགས་འཕེལ་རྒྱས་ཕྱིན་པར་བརྟེན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཉ་ཤ་དཀོན་པའི་གནད་དོན་ཐག་གཅོད་བྱུང་བ་དང་། སྲོག་ཆགས་ཀྱི་སྤུས་ལེགས་སྤྲི་དཀར་མཁོ་འདོན་ཐུབ་པ། རང་བྱུང་ཆུ་ཁོངས་ཀྱི་ཆུའི་སྐྱེ་དངོས་ཐོན་ཁུངས་མང་པོ་སྤྱོད་ཚད་ཆག་པ། ཉ་ལས་ཐོན་ལས་དར་རྒྱས་དང་ཉ་པའི་འཚོ་བ་ཕྱུག་ཏུ་འགྲོ་བར་སྐུལ་འདེད་གཏོང་བ་སོགས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད”ཅེས་ཡུས་ཁྲང་ཀྲེན་གྱིས་བཤད།
     ཡུས་ཁང་ཀྲེན་གྱིས་མིག་སྔར། ཆུ་ཐོན་གསོ་ཚགས་ལས་རིགས་ལ་ད་དུང་དཀའ་ངལ་དང་གནད་དོན་ཁ་ཤས་ཕྲད་ཡོད། གནད་དོན་དེ་དག་ཆུ་ཐོན་གསོ་ཚགས་རྒྱལ་ཁབ་ཆེན་པོའི་གནས་བབ་དང་འཚམ་གྱི་མེད། ཕྱོགས་གཅིག་ནས་ཐོན་ལས་ཀྱི་ཕྱི་ངོས་ཁོར་ཡུག་ནས་བལྟས་ན། གསོ་ཚགས་ཆུ་ཁོངས་མཐའ་འཁོར་གྱི་སྦགས་བཙོག་སྣ་ཚོགས་ལས་གསོ་ཚགས་ཆུ་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཛུགས་སྐྲུན་ས་སྤྱོད་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པར་བརྟེན་ཆུ་ཐོན་གསོ་ཚགས་ཆུ་ཁོངས་ཀྱི་བར་མཐོངས་ཆུང་དུ་ཕྱིན་ཏེ་ཉ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པ། ཅིག་ཤོས་ནས་ནང་ངོས་ཁོར་ཡུག་ནས་བལྟས་ན། ཆུ་ཐོན་གསོ་ཚགས་ཀྱི་ཁྱབ་ཚུལ་ལུགས་དང་མི་མཐུན་པ་དང་ས་ཁུལ་ལ་ལའི་མཚོ་འགྲམ་གསོ་ཚགས་ཀྱི་དྲ་སྒམ་ཚགས་དམ་པ་དང་། ཆུ་མཛོད་དང་མཚེའུ་ཡི་གསོ་ཚགས་དྲ་སྒམ་མང་བ་དང་ཚགས་དམ་པ། ལུགས་མཐུན་ངང་སྤྱོད་ཆོག་པའི་བར་མཐོངས(དཔེར་ན་གཏིང་ཟབ་པའི་རྒྱ་མཚོ་དང་ཆུ་འབྲས་སོགས)གསར་སྤེལ་བེད་སྤྱོད་མི་འདང་བ། ཐོན་ལས་ཀྱི་གཞི་ཁྱོན་ཅན་དང་། སྒྲིག་འཛུགས་ཅན། སྤུས་རྟགས་ཅན་བཅས་ཀྱི་ཆུ་ཚད་ཅུང་དམའ་བ་སོགས་རེད་ཅེས་ནན་བཤད་བྱས་ཡོད།
     དེར་བརྟེན་ཆུ་ཐོན་གསོ་ཚགས་ལས་རིགས་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཞིང་ལས་གྲོང་གསེབ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་འབྲེལ་རིགས་པས་ཁུངས་སྐྱེལ་ཡང་ཡང་དང་རྒྱ་ཁྱབ་ངང་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག《བསམ་འཆར》འདི་བཟོས་པ་རེད། 《བསམ་འཆར》དེར་ཆ་ཤས་8དང་ཞིབ་ཕྲའི་སྲིད་ཇུས་བྱེད་ཐབས་26ཡོད་པ་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལ་ཤུགས་སྣོན་དང་། གསོ་ཚགས་ཀྱི་བྱེད་ཐབས་སྒྱུར་བ། གསོ་ཚགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཐོན་སྐྱེད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་བ། སྲིད་ཇུས་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན། འགན་ལེན་བྱེད་ཐབས་དོན་འཁྱོལ་སོགས་བཀོད་སྒྲིག་བྱས་ཡོད་པ་རེད།