འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་གྱིས་ནོར་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་
གཏོང་འདོད་ཡོད་ཅེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ལོ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་སོར་པེ་ཀེ་ཡིས་ནོར་ཀྲུང་རྒྱལ་ཁབ་གཉིས་པོར་རྒྱལ་སྤྱིའི་ལས་དོན་ཁྲོད་གཅིག་མཐུན་གྱི་ལངས་ཕྱོགས་མང་པོ་ཡོད་པས་ནོར་ཝེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་བརྗོད།
     ཉིན་དེར་སོར་པེ་ཀེ་ཡིས་ལས་བྲལ་བྱེད་གྲབས་ཡོད་པའི་ནོར་ཝེ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་མིང་དང་ཐུག་འཕྲད་བྱེད་སྐབས་ཁོང་གིས་ནོར་ཀྲུང་གི་འབྲེལ་བ་2016ལོའི་ལོ་མཇུག་ནས་རྒྱུན་གཏན་ཅན་མངོན་འགྱུར་བྱུང་རྗེས་ཕྱོགས་གཉིས་པོའི་མཐོ་རིམ་དབར་སྤེལ་རེས་ཟབ་ཏུ་སོང་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ནོར་ཀྲུང་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར་ཚོང་དོན། ཚན་རིག་སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་མང་པོ་སྐྲུན་བཞིན་ཡོད་ཅེས་བརྗོད།
     སོར་པེ་ཀེ་ཡིས་ནོར་ཀྲུང་རྒྱལ་ཁབ་གཉིས་པོར་རྒྱལ་སྤྱིའི་ལས་དོན་ཁྲོད་གཅིག་མཐུན་གྱི་ལངས་ཕྱོགས་མང་པོ་ལྡན་ཡོད། ཕྱོགས་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་མང་མ་ལག་ཁྲོད་ཀྱི་ལྟེ་བའི་ནུས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་གནས་བབ་དང་སྒྲིག་ལམ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་མ་ལག་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་ལ་འབྲེལ་གཏུག་དང་མཐུན་སྦྱོར་ཟབ་ཏུ་བཏང་སྟེ་སྒྲིག་ལམ་རྨང་གཞིར་བྱས་པའི་ཕྱོགས་མང་མ་ལག་སྲ་བརྟན་དུ་གཏོང་འདོད་ཡོད་ཅེས་བརྗོད།
     ཝང་མིང་གིས་མིག་སྔར་ཀྲུང་ནོར་གྱི་འབྲེལ་བར་སྐྱོན་བྲལ་བརྟན་ལྷིང་དང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བའི་གོ་སྐབས་དམ་འཛིན་བྱས་ཏེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་ཕན་ཚུན་གྱི་རྒྱལ་ཁབ་ནང་གཉེར་སྐྱོང་བྱེད་པའི་ཐད་དྲང་སྙོམས་དྲང་གཞག་གི་ཚོང་གཉེར་ཁོར་ཡུག་བཏོད་དེ་ཀྲུང་ནོར་གྱི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད།