འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎ཨེ་ཅིབ་ཀྱི་སློབ་གསོའི་ཁོངས་གཏོགས་གསར་པས་སློབ་མའི་གསར་གཏོད་འཇོན་ཐང་ཆེ་རུ་གཏོང་བར་
དོ་སྣང་ཆེན་པོ་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     2018ལོ་ནི་ཨེ་ཅིབ་ཀྱི་ལོ་ལྔའི་སློབ་གསོ་སྒྱུར་བཅོས་ཀྱི་འཆར་གཞི་འགོ་ཚུགས་པའི་ལོ་ཞིག་རེད། ཨེ་ཅིབ་སློབ་གསོ་པུའི་པུའུ་ཀྲང་ཐ་ལི་ཁེ·ཧྲུ་ཅིས་གྲོལ་མ་ཐག་པའི“ཨེ་ཅིབ་ཀྱི་བྱ་སྤྱོད·སློབ་གསོ”མཐོ་རིམ་གླེང་སྟེགས་ཐོག་འདི་ལོ་སློབ་གསོ་སྒྱུར་བཅོས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཚུན་ཨེ་ཅིབ་ཀྱི་སློབ་གསོའི་ཁོངས་གཏོགས་གསར་པ་རིམ་བཞིན་བཙུགས་པས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད་ཅེས་བརྗོད།
     “སློབ་གསོའི་ཁོངས་གཏོགས་གསར་པས་སློབ་མའི་གསར་གཏོད་འཇོན་ཐང་ཆེ་རུ་གཏོང་བར་དེ་བས་ནན་བཤད་བྱས་པ་ལས། ཁོངས་གཏོགས་རྙིང་པ་དང་འདྲ་བར་སློབ་མར་མཁྲེགས་སྐྱོར་མཁྲེགས་འཛིན་བྱེད་རྒྱུར་རེ་བ་འདོན་གྱི་མེད” ཨེ་ཅིབ་ཀྱི་ཙུང་ཐུང་གི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཧན་ཉི·ཁཱ་ཐི་པུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སློབ་གསོའི་ཁོངས་གཏོགས་གསར་པའི་དམིགས་ཚད་ནི་ཨེ་ཅིབ་ཀྱི་སློབ་མར་སྤྱི་ཚོགས་འཛུགས་སྐྱོང་ཐད་ཀྱི་དགོས་ངེས་ཀྱི་རང་རྟེན་སློབ་སྦྱོང་དང་། བསམ་གཞིག གསར་གཏོད་བཅས་ཀྱི་འཇོན་ཐང་ལྡན་པ་བྱ་རྒྱུ་དེ་རེད། དེ་ལྟར་བྱས་ན་ཨེ་ཅིབ་ཀྱི་གཞོན་རབས་པ་ཚོ་གཞི་ནས་འཛམ་གླིང་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་རྗེས་སུ་སྙེག་ཐུབ་ཅེས་བརྗོད།
     ཉེ་བའི་ལོ་ཤས་རིང་། ཨེ་ཅིབ་ཀྱི་མང་ཚོགས་ཚོས་སློབ་གསོ་སྒྱུར་བཅོས་ཀྱི་རེ་འབོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་རེ་བ་བཏོན་ཡོད། 2017ལོའི་མི་འབོར་ཡོངས་བཤེར་གྱི་གྲངས་གཞིར་ཨེ་ཅིབ་ཏུ་ཡིག་རྨོངས་བ་ཐོན་ཚད་18%ཟིན་ཡོད་པ་འཁོད་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2028ལོར་སླེབས་སྐབས་ཨེ་ཅིབ་ལ་མཁོ་བའི་ངལ་རྩོལ་ནུས་ཤུགས་མི་ཁྲི་8000ཟིན་རྒྱུ་དང་། སློབ་གསོ་མི་འདང་བ་ལས་བཟོས་པའི་ངལ་རྩོལ་ཁྲོམ་རའི་ཞན་ཆ་དང་སྤུས་ལེགས་ཀྱི་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་དེ་ཨེ་ཅིབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲན་སློང་ཆེན་པོའི་གྲས་ཤིག་ལ་འགྱུར་སྲིད།
     གནས་ཚུལ་དེར་འགྱུར་ལྡོག་གཏོང་ཆེད་ཨེ་ཅིབ་སྲིད་གཞུང་གིས་འདི་ལོ་དུས་ཡུན་ལོ་5ཡི་སློབ་གསོ་སྒྱུར་བཅོས་ཀྱི་འཆར་གཞི་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཧྲུ་ཅི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། ཨེ་ཅིབ་ཏུ་ཁྱོན་གཞུང་བཙུགས་སློབ་གྲྭ་ཁྲི་5.4ཡོད་པ་དེས་ཨེ་ཅིབ་ཀྱི་སློབ་གྲྭའི་བསྡོམས་འབོར་གྱི་86%ཟིན་པ་དང་། སློབ་གསོའི་སྡེ་ཚན་དུ་ལས་ཀ་བྱེད་མཁན་དགེ་རྒན་ཁྲི་120ཙམ་ཟིན་པ། སྒྱུར་བཅོས་ཀྱི་ནང་དོན་ལ་སློབ་ཚན་བཀོད་སྒྲིག་དང་། སློབ་གཞི་སློབ་ཆས་བེད་སྤྱོད། རྒྱུགས་ལེན་ལམ་ལུགས། དེ་བཞིན་དགེ་རྒན་གསོ་སྦྱོང་སོགས་ཕྱོགས་མང་པོ་ཞིག་ཚུད་ཡོད།
     “2019ལོའི་ཟླ་9པར་བུ་བཅོལ་ཁང་དང་སློབ་ཆུང་གི་དུས་མཚམས་སུ་བཀོལ་སྤྱོད་བྱས་པའི་སློབ་གསོའི་ཁོངས་གཏོགས་གསར་པ་དེ་དངོས་སུ་ལག་བསྟར་བྱེད་འགོ་འཛུགས་རྒྱུ་རེད”ཧྲུ་ཅི་ཡིས་ཁོངས་གཏོགས་གསར་པ་དེས་དམའ་རིམ་སློབ་གསོའི་དུས་མཚམས་ཀྱི་སློབ་མར་སློབ་ཚན་གསར་པ་དེ་བས་མང་བ་མཁོ་འདོན་བྱས་ནས། ཕྲུ་གུ་ཚོར་དབྱིན་ཡིག་དང་། ཨ་རབ་ཀྱི་སྐད་ཡིག དེ་བཞིན་ཤར་གཏོང་སློབ་ཚན་བཅས་སྦྱོང་རྒྱུ་ཡོད་པ་མ་ཟད། ད་དུང་མི་སྒེར་གྱི་འདོད་བློར་གཞིགས་ནས་སློབ་ཚན་གཞན་དག་སྦྱོང་རྒྱུ་ཡོད་ཅེས་བརྗོད།
     ད་རེས་ཨེ་ཅིབ་ཀྱི་སློབ་གསོ་སྒྱུར་བཅོས་ལ་ད་དུང་ཐག་གཅོད་བྱེད་དགོས་པའི་གནད་དོན་འགའ་ཤས་ཡོད། “སློབ་གསོའི་ཁོངས་གཏོགས་ལ་ད་དུང་འགྲན་སློང་འདྲ་མིན་སྣ་ཚོགས་འཕྲད་པ་དང་དེའི་ནང་གི་རྙོག་འཛིང་ཆེ་ཤོས་ནི་སྒེར་གྱི་གསབ་སྦྱོང་གི་གནད་དོན་དེ་རེད”ཅེས་ཁེ་རོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཨའེ་ཧ་མའེ་ཏེ·ཨ་ཏེར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
     ཨ་ཏེར་གྱིས་སྣང་ཚུལ་དེ་རིགས་ལྷག་པའི་རྒྱུ་མཚན་གཙོ་བོ་ནི་སློབ་གྲྭར་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་དཀོན་པོ་ཡོད་པས་རེད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་མ་ལག་ནང་གི་དགེ་རྒན་གྱི་གླ་ཕོགས་ཆུ་ཚད་ཧ་ཅང་དམའ་བ་དང་སྒེར་གྱི་གསབ་སྦྱོང་སློབ་ཚན་གྱི་ཕུལ་བྱུང་དགེ་རྒན་ལ་ཡོང་འབབ་མི་ཉུང་བ་ཞིག་མཁོ་འདོན་བྱས་ཡོད་ཅེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་ཆེད་2018ལོར་ཨེ་ཅིབ་ཀྱི་དགེ་རྒན་ཁྲི་13ལྷག་ཙམ་གྱིས་སློབ་གསོའི་ཁོངས་གཏོགས་གསར་པའི་གསོ་སྦྱོང་དང་ལེན་བྱས་ཡོད། དེ་ནི་ད་རེས་ཀྱི་སློབ་གསོ་སྒྱུར་བཅོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།
     2018ལོའི་ཟླ་7པར་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་ཁེ་རོ་སློབ་ཆེན་དུ་གཉེར་བའི་གཞོན་ནུའི་འཐུས་མིའི་ཚོགས་འདུའི་ཐོག་2019ལོ་ནི་ཨེ་ཅིབ་ཀྱི“སློབ་གསོའི་ལོ”ཡིན་པ་ཁྱབ་བསྒྲབས་གནང་བ་རེད། སའེ་ཞི་ཡིས་ཤེས་ལྡན་པ་ནི་ཨེ་ཅིབ་འཕེལ་རྒྱས་གཏོང་བའི་ཀ་རྟེན་གྱི་གྲས་ཤིག་ཡིན་པ་དེས་ཨེ་ཅིབ་སློབ་གསོའི་ཁོངས་གཏོགས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བཏང་ནས་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རའི་དགོས་མཁོ་སྐོང་རྒྱུ་མ་ཟད། ཨེ་ཅིབ་ཀྱི“2030ལོའི་འདུན་པ”མངོན་འགྱུར་ཡོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བརྗོད།
     ཨེ་ཅིབ་ཀྱི་སློབ་གསོ་སྒྱུར་བཅོས་ལ་རྒྱལ་སྤྱིའི་རྩ་འཛུགས་འགའ་ཤས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་། 2018ལོའི་ཟླ་4པར་འཛམ་གླིང་དངུལ་ཁང་རྩ་འཛུགས་ཀྱིས་ཨེ་ཅིབ་ལ་དངུལ་བུན་ཨ་སྒོར་དུང་ཕྱུར་5མཁོ་འདོན་བྱས་ནས་ཨེ་ཅིབ་ཀྱི་སློབ་གསོ་སྒྱུར་བཅོས་ཀྱི་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཡོད་པ་རེད།