འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎སྐལ་བཟང་མེ་ཏོག་བཞད། བདེ་སྐྱིད་ལམ་བུ་ཡངས།

—— བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་ གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་པའི་སྐོར་གྱི་དངོས་བྲིས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
གྲངས་གཞི་ལས་མངོན་པར་གཞིགས་ན། 2018ལོའི་ལོ་མཇུག་བར། བོད་དུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་ཁྱོན་སྤྱི་ལེ་ཁྲི་9ལྷག་ཙམ་ཟིན་པ་དང་། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ལ་མཁའ་ལམ་88ཡོད་པ་དེ་དག་གྲོང་ཁྱེར་47ལ་ཤར་གཏོང་ཐུབ་པ། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ཡིན་པའི་ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་རིམ་མཐོའི་གཞུང་ལམ་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་ཐུབ་པ། ལྷ་ས་ནས་ནག་ཆུ་བར་དང་ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་གཅིག་མཇུག་གཉིས་མཐུད་ངང་ལས་འགོ་ཚུགས་ནས་ས་མཐོ་བ་ཕྱིར་བསྐྱོད་རྒྱུ་དེ་བས་སྟབས་བདེ་རུ་ཕྱིན་ཡོད་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་དུ་ཤར་གཏོང་ཐུབ་པའི་རིམ་མཐོའི་གཞུང་ལམ་ཡིན་པ།
གྲངས་གཞི་ལས་མངོན་པར་གཞིགས་ན། 2018ལོའི་ལོ་མཇུག་བར། བོད་དུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་ཁྱོན་སྤྱི་ལེ་ཁྲི་9ལྷག་ཙམ་ཟིན་པ་དང་། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ལ་མཁའ་ལམ་88ཡོད་པ་དེ་དག་གྲོང་ཁྱེར་47ལ་ཤར་གཏོང་ཐུབ་པ། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ཡིན་པའི་ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་རིམ་མཐོའི་གཞུང་ལམ་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་ཐུབ་པ། ལྷ་ས་ནས་ནག་ཆུ་བར་དང་ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་གཅིག་མཇུག་གཉིས་མཐུད་ངང་ལས་འགོ་ཚུགས་ནས་ས་མཐོ་བ་ཕྱིར་བསྐྱོད་རྒྱུ་དེ་བས་སྟབས་བདེ་རུ་ཕྱིན་ཡོད་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་དུ་ཤར་གཏོང་ཐུབ་པའི་རིམ་མཐོའི་གཞུང་ལམ་ཡིན་པ།
     སྐལ་བཟང་མེ་ཏོག་བཞད། བདེ་སྐྱིད་ལམ་བུ་ཡངས། བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་ལ་ཕྱོགས་ནས་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། 
     ལམ་ཤར་གཏོང་ཐུབ་པས་ཕྱི་རོལ་གྱི་འཇིག་རྟེན་དང་ཐག་དེ་བས་ཉེ་རུ་སོང་བ།
     མེ་ཏོག་རྫོང་ལ་བོད་སྐད་དུ“ཡུལ་པདྨ་བཀོད”ཅེས་བརྗོད་ཀྱི་ཡོད། 
     བོད་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པའི་མེ་ཏོག་རྫོང་ལ་ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བ་དང་ས་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་སྟབས། ཡུན་རིང་གཞུང་ལམ་ཤར་གཏོང་མ་ཐུབ་པར་ས་མཐོའི་ཁེར་ཆགས་གླིང་ཕྲན་དང་གཉིས་སུ་མ་མཆིས། 
     “ད་ཆ་མེ་ཏོག་རྫོང་ལ་གཞུང་ལམ་ཤར་གཏོང་ཐུབ་ཡོད་དམ”ཞེས་བོད་ཀྱི་འཐུས་མི་ཚོགས་པའི་ཁོངས་མི་དང་སྤེལ་རེས་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མེ་ཏོག་རྫོང་ནས་སླེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་ཆོས་སྒྲོན་ལ་བཀའ་འདྲི་གནང་བ་རེད། 
     སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། པད་མ་ཆོས་སྒྲོན་གྱིས་དུས་ད་ལྟ་ཡང་སེམས་ལ་གསལ་གསལ་ཐིང་ཐིང་ངེས་ཡོད། “རྒྱལ་ཡོངས་ལ་དེ་དང་འདྲ་བའི་དོན་ཆེན་མང་པོ་ཡོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མེ་ཏོག་རྫོང་གི་གཞུང་ལམ་འཛུགས་སྐྲུན་ལ་ཐུགས་ཁུར་ཆེན་པོ་དེ་ལྟར་གནང་བ་ལས། ཀྲུང་གོའི་ཕུགས་འདུན་གྱིས་མེས་རྒྱལ་གྱི་ཁུག་ཀྱོག་གང་ཡང་བརྗེད་མི་སྲིད་པ་ར་སྤྲོད་གང་ལེགས་ཐུབ་ཀྱི་ཡོད”ཅེས་བཤད་པ་དང་། ཁོང་གིས“རང་ཉིད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་2013ལོར་གཞུང་ལམ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་རེ་ཡོད་ཅེས་ཞུས་པ་ཡིན”ཞེས་བཤད། 
     2013ལོའི་ཟླ་10ཚེས་31ཉིན། མེ་ཏོག་ཏུ་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་ནས་མེ་ཏོག་བ་མི་རབས་ནས་མི་རབས་ཀྱི་བསམ་འདུན་དྲག་པོ་མངོན་འགྱུར་བྱུང་བ་དང་། མེ་ཏོག་བ་ཚོས་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་བར་འགྲོ་དུས་རྐང་པ་གཉིས་ལ་བརྟེན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། 
     “ལམ་ཤར་གཏོང་ཐུབ་པས་ལོ་གཅིག་ཞག་མ་365ཚང་མར་མེ་ཏོག་ནས་འགྲོ་འོང་བྱེད་ཆོག་པ་མ་ཟད། སྨན་ཁང་དང་སློབ་གྲྭར་སྐྱོད་བདེ་རུ་ཕྱིན་པ་དང་། ཟོག་གོང་དམའ་རུ་ཕྱིན་པ། མེ་ཏོག་ལ་ཡུལ་སྐོར་དུ་སྐྱོད་མཁན་མང་དུ་ཕྱིན་པ། ཕྱིར་ལས་མི་བྱེད་པར་སྐྱོད་མཁན་མེ་ཏོག་བ་ཇེ་མང་དུ་ཕྱིན་ཡོད། སྔོན་ཆད་བརྙན་འཕྲིན་ནས་མ་གཏོགས་མཐོང་རྒྱུ་མེད་པའི་འཇིབ་ཆུང་ད་ཆ་མེ་ཏོག་རྫོང་དུ་མཐོང་དཀོན་པའི་ཅ་ལག་ཅིག་གཏན་ནས་མིན་པ་དང་། སྔོན་ཆད་ཀྱི་དོ་པོ་དབོར་མཁན་དེ་དག་ད་ཆ་ཧ་ལམ་མཐོང་རྒྱུ་མེད”ཅེས་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཀྱི་འགྱུར་ལྡོག་གླེང་སྐབས། པད་མ་ཆོས་སྒྲོན་དགའ་སྤྲོ་ལྷག་པར་འཕེལ། 
     མེ་ཏོག་རྫོང་ལ་གཞུང་ལམ་ཤར་གཏོང་ཐུབ་ནས་མེ་ཏོག་གི་འགྲིམ་འགྲུལ་འཛུགས་སྐྲུན་འཕེལ་རྒྱས་ཆེ་བའི་དུས་མཚམས་སུ་སླེབས་པར་སྐུལ་ཁྲིད་བྱས་ཤིང་། མིག་སྔར་མེ་ཏོག་རྫོང་ལ་གཞུང་ལམ་ལམ་ཐག་སྤྱི་ལེ་414ཟིན་པ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་75%ཟིན་ནས་ཤང་ཚང་མར་གཞུང་ལམ་ཤར་གཏོང་ཡོང་ཐབས་བྱེད་ཀྱི་ཡོད། མ་དངུལ་སྒོར་དུང་ཕྱུར་12བཏང་བའི་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ(ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་བར་གྱི་གཞུང་ལམ)རིམ་སྤོར་སྒྱུར་བཀོད་ལས་གྲྭ་དུས་ཚོད་དམ་འཛིན་གྱིས་ཨར་ལས་བྱེད་བཞིན་ཡོད་པ་དང་། ལས་གྲྭ་དེ་ལས་མཇུག་འགྲིལ་རྗེས་མེ་ཏོག་རྫོང་ནས་ཕར་འགྲོ་ཚུར་འོང་བྱེད་སའི་གཞུང་ལམ་དེ་བས་རྒྱ་ཆེ་ཞིང་དེ་བས་ཡག་ཏུ་འགྲོ་སྲིད། 
     མེ་ཏོག་གཞུང་ལམ་གྱི་འགྱུར་ལྡོག་ལས་མངོན་པ་ནི་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེ་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། 2018ལོའི་ལོ་མཇུག་བར། བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་ཁྱོན་སྤྱི་ལེ་ཁྲི་9ལྷག་ཙམ་ཟིན་པ་དང་། བོད་དུ་དམངས་སྤྱོད་མཁའ་འགྲུལ་ལ་མཁའ་ལམ་88ཡོད་པ་དེ་དག་གྲོང་ཁྱེར་47ལ་ཤར་གཏོང་ཐུབ་པ། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་རིམ་མཐོའི་གཞུང་ལམ་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་ཐུབ་པ། ལྷ་ས་ནས་ནག་ཆུ་བར་དང་ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་གཅིག་མཇུག་གཉིས་མཐུད་ངང་ལས་འགོ་ཚུགས་ནས་ས་མཐོ་བ་ཕྱིར་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་ཡོད། 
     བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཡང་སྐྱབས་ཀྱིས་བོད་ཀྱིས་འདི་ལོའི་ལོ་མཇུག་གོང་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགྲིམ་འགྲུལ་གྱི་ཞན་ཆ་གང་མགྱོགས་གསབ་ནས་བོད་དང་འཛམ་གླིང་ཐག་དེ་བས་ཉེ་རུ་གཏོང་གང་ཐུབ་བྱེད་ཀྱི་ཡིན་ཞེས་བཤད། 
     བརྟན་ལྷིང་བྱུང་བས་དཔལ་འབྱོར་འཕེལ་རྒྱས་དེ་བས་ལེགས་སུ་ཕྱིན་པ། 
     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ལྷ་སའི་བར་སྐོར་དུ་མི་ཚོགས་སྟུག་ལ་བསང་གི་དྲི་ཞིམ་ཕྱོགས་བཞིར་འཐུལ། ལག་གིས་མ་ཎི་སྐོར་མཁན་མང་ཚོགས་དང་དྲན་རྟེན་པར་རྒྱག་མཁན་ཡུལ་སྐོར་བ་རྣམས་ཉི་འོད་གྲོང་ཁྱེར་གྱི་དྲོ་འཇམ་ཉི་འོད་ལོངས་སུ་སྤྱོད་བཞིན་མཆིས། 
     “གཟའ་འཁོར་གཅིག་ལྷག་ཙམ་རིང་ང་ཚོས་ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། བར་སྐོར་བཅས་སུ་བསྐྱོད་པ་དང་། བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་བོད་ཀྱི་ལོ་གསར་གཏོང་ལུགས་ཉམས་སུ་མྱོང་བར་ཕྱིན་པ་ལས། བཀྲ་ཤིས་འཆམ་མཐུན་གྱི་ལྷ་སའི་རྣམ་པ་ཚོར་བྱུང”ཞེས་པེ་ཅིང་གི་ཡུལ་སྐོར་བ་ཀྲང་ཅིང་མེ་ཡིས་བཤད། 
     2013ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷ་ས་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བློ་བཟང་བསྟན་པར་ལྷ་སའི་བདེ་འཇགས་ཀྱི་གནས་ཚུལ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་གནས་ཚུལ་སྐོར་བཀའ་འདྲི་གནང་བ་རེད། 
     ཉེ་བའི་ལོ་ཤས་རིང་བོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཧུར་ཐག་འཛུགས་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཀྱི་སྤྱིའི་དམིགས་ཚད་དུ་བརྩིས་ཏེ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་། དྲ་མིག་ཅན་གྱི་དོ་དམ་དང་། དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས། ལས་བྱེད་པ་གྲོང་སྡོད་དགོན་སྡོད། གཉིས་ལྡན་དུད་སྦྲེལ་སོགས་ཀྱི་ལས་དོན་གསར་གཏོད་བྱས་ཏེ་སྤེལ་ནས་ཕྱོགས་བསྡུས་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་གི་འགོག་སྲུང་ཚོད་འཛིན་མ་ལག་ཅིག་བསྐྲུན་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་མངོན་པར། 2018ལོར་བདེ་འཇགས་ཐད་བོད་ཀྱི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད་པ་རེད། 
     བོད་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད། 
     2018ལོར་བོད་ཀྱི་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1400ལྷག་ཙམ་ཟིན་ནས་ལོ་26བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་པ་དེ་2012ལོའི་སྒོར་དུང་ཕྱུར་701ལས་ལྡབ་གཅིག་འཕར་ཡོད། ཡུལ་སྐོར་བ་མི་ཐེངས་ཁྲི་3368ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་31.5%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་490ཟིན་ཡོད། རིགས་ཁག་གི་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི་27.5ཟིན་པ་དང་དམངས་ཁྲོད་ཀྱིས་མ་དངུལ་འཇོག་ཚད་20%ཙམ་འཕར་ནས་ཉེ་བའི་ལོ་ཤས་རིང་འཕར་ཚད་མཐོ་པོ་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད། 
     ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲེ་གཞོན་པ་ལེའང་ཤང་མིན་གྱིས“ཉེ་བའི་ལོ་ཤས་རིང་བོད་དུ་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕར་བའི་རྣམ་པ་བཟང་པོ་མངོན་པ་དེ་བདེ་འཇགས་བརྟན་ལྷིང་གི་བོད་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད”ཅེས་བཤད། 
     དཔལ་འབྱོར་མྱུར་པོ་འཕར་བ་དེས་བོད་ཀྱི་དམངས་འཚོ་ལེགས་གཏོང་འགན་ལེན་ནུས་ལྡན་བྱས་ཡོད། གྲངས་གཞི་ལས་མངོན་པར། བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལོ་16བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་སྒོར་11600ཡས་མས་ཟིན་ཡོད། 
     དབུལ་སྒྲོལ་བྱུང་བས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཡིད་ཆེས་དེ་བས་ཆེ་རུ་སོང་བ། 
     ལྷ་ས་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་ནུབ་ཀྱི་ཕྱོགས་སུ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་བསྐྱོད་ན་རོང་དམར་གྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ས་ཚིགས་སུ་འབྱོར་གྱི་ཡོད། རྒྱང་ལྟ་བྱས་ཚེ་ཁྱིམ་ཚང་རེ་རེའི་སྒོ་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་གཞོགས་གཉིས་སུ“བཀྲ་ཤིས་བདེ་ལེགས”ཞེས་པའི་ཆ་ཡིག་མཐོན་པོར་སྦྱར་ཡོད། 
     ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལས་བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལའང་འཚོ་གནས་བྱ་ཡུལ་ཞིག་བྱུང་ཡོད། 2018ལོའི་ཟླ་6ཚེས་18ཉིན་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་གི་འབྲོག་པ་ཆིག་སྟོང་ལྷག་ཙམ་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡོད་པའི་བྱང་རྩྭ་ཐང་ནས་རྡོག་ཐོན་བྱས་ཏེ་སྤྱི་ལེ་ཆིག་སྟོང་གི་སར་ཡོད་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དུ་སྤོས་པ་རེད། 
     སྲིད་གཞུང་གིས་ཁོ་ཚོར་འདི་གར་སྡོད་ཁང་གསར་པ་བསྐྲུན་པ་མ་ཟད། ད་དུང་འབྲོག་པ་ཁག་གཅིག་ལ་ལས་ཀའང་འཚོལ་རོགས་བྱས་ཡོད། 
     མགོན་པོའི་ཁྱིམ་དུ་སྐྱོད་སྐབས། སྒྲོག་ཙེའི་སྟེང་དུ་ཚགས་ཤ་དང་། ཤིང་ཏོག བཏུང་བཅའ་བཅས་མང་པོ་ཞིག་བསྒྲིགས་འདུག གནས་སྤོའི་སྐོར་གླེང་སྐབས། ལོ་53ལ་སླེབས་པའི་མགོན་པོས་མགྲིན་པ་བཏེགས་ནས“འདི་གར་ང་རང་གི་ཕ་ཡུལ་ལས་ས་བབ་སྨི་1000གིས་དམའ་བས་མཁའ་རླུང་ཡག་པོ་འདུག་ལ་སྔོན་ཆད་ས་བབ་མཐོ་པོར་བསྡད་པའི་ནད་གཞི་ཡང་དྲག་སོང་། འདི་གར་གྲོང་ཁྱེར་དང་ཐག་ཉེ་བས་ཅ་དངོས་ཉོ་དུས་ཀྱང་སྟབས་བདེ་པོ་འདུག ཁྱེད་རང་གཟིགས་དང་། ཤིང་ཏོག་འདི་དག་སོས་པ་ག་ཚོད་མི་འདུག་གམ། ཏང་གི་དབུལ་སྐྱོར་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད་བྱུང་།
     རོང་དམར་གྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ས་ཚིགས་ནི་བོད་ཀྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་རྣམ་གྲངས་དང་པོ་དེ་རེད་ལ། བོད་ཀྱི་དབུལ་སྐྱོར་ལས་དོན་གསར་གཏོད་ཀྱི་འཚོལ་ཞིབ་ཅིག་ཀྱང་རེད། 
     བོད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་ཞིང་། ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་། གསོ་རླུང་དཀོན་ལ་རང་བྱུང་གནོད་འཚེ་མང་བས་དབུལ་པོར་གྱུར་ཚད་མཐོ་བ་དང་། དབུལ་པོར་འགྱུར་རྐྱེན་མང་བ། དབུལ་སྒྲོལ་དཀའ་ཚེགས་ཆེ་བ། དབུལ་པོ་བསྐྱར་ལོག་གི་གནོན་ཤུགས་ཆེ་བ་བཅས་ཡོད། 
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད། “རང་བྱུང་དང་ལོ་རྒྱུས་སོགས་དམིགས་བསལ་རྒྱུ་རྐྱེན་གྱི་རྐྱེན་པས་བོད་དང་རྒྱལ་ཡོངས་དབར་གྱི་འཕེལ་རྒྱས་ལ་ཧེ་བག་ཆེན་པོ་འཛོལ་ཡོད། དེས་ན་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པ་ནི་བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་དུ་འགྱུར་བའི་མངོན་གསལ་དོད་ཤོས་ཀྱི་ལས་འགན་ཞིག་ཡིན་ཞིང་། དེས་བོད་ཀྱིས་ངེས་པར་དུ་རང་ངོས་ཀྱི་ཁྱད་ཆོས་དང་འཚམ་པའི་དབུལ་སྐྱོར་གྱི་ལམ་ཞིག་འཚོལ་ཞིབ་བྱེད་དགོས་པ་གཏན་འཁེལ་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཧྭ་ཏུང་གིས་བཤད། 
     གནད་དོན་འདིར་དམིགས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ཏེ་དབུལ་སྐྱོར་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་དང་། ཡུལ་བབ་དང་བསྟུན་པ། གནད་སྨིན་ཇུས་འདོན་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 
     ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་བོད་དུ་མི་འབོར་དབུལ་པོ་ཁྲི་18ཉུང་དུ་སོང་ཡོད། དེའི་བར་བོད་ཀྱི་མི་འབོར་དབུལ་པོ་ལོ་དྲུག་གོང་གི་ཁྲི་86ནས་ཁྲི་15བར་ཉུང་དུ་སོང་བ་དང་དབུལ་པོར་གྱུར་ཚད་8%བར་ཆག་ཡོད། བོད་ཀྱི་རྫོང(ཆུས)74ལས་དབུལ་ཞྭ་ཕུད་པའི་རྫོང་55ཟིན་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་འདི་ལོ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་དབུལ་སྒྲོལ་ཐུབ་པ་བྱེད་དགོས་ལུགས་བཏོན་ཡོད། 
     ད་ཆ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པ་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོད་པ། བྱ་གཞག་ཁག་ལོ་རྒྱུས་ཀྱི་དུས་མཚམས་ཡག་ཤོས་སུ་སླེབས་ཡོད། 
     “བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱུགས་ལན་ལས་བོད་ལ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འཇོན་ཐང་ལྡན་པ་གསལ་བཤད་ཐུབ་ཡོད”ཅེས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས་བཤད།