འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎མཚོ་སྔོན་ཡུལ་ཤུལ་དུ་ལས་བྱེད་པ་དང་མང་ཚོགས་ཀྱིས་གངས་སྐྱོན་བསལ་ནས་ཕྱུགས་ཟོག་བསྐྱབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཡུལ་ཤུལ་ནས་གློག་འཕྲིན་འབྱོར་གསལ། དཔྱིད་གསར་དུས་ཆེན་རིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མངའ་ཁོངས་སུ་གཞི་ཁྱོན་ཆེ་བའི་གངས་ཆེན་པོ་ཐེངས་མང་བབས་པས་ས་ཁུལ་ཁ་ཤས་ལ་གངས་མཐུག་ཚད་ལི་སྨི་45ཟིན་པ་དང་ཀྲོའུ་ཡོངས་ཀྱི་གྲོང་ཁྱེར་1དང་རྫོང་5ཚང་མར་རིམ་པ་མི་འདྲ་བའི་གངས་སྐྱོན་ཕོག་ཡོད་ཅིང་། རྫ་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་གངས་སྐྱོན་ཕོག་ཚབས་ཆེ་ཤོས་ཀྱི་རྫོང་ཁོངས་སུ་གཏོགས་ཡོད། ཡུལ་ཤུལ་ཀྲོའུ་རུ་གངས་སྐྱོན་ཆེན་པོ་ཕོག་པའི་རྐྱེན་གྱིས་ཕྱུགས་ཟོག་13960ཤི་ཡོད་ཅིང་། གངས་ཁྲོད་དུ་ཤི་བའི་ཕྱུགས་ཟོག་གི་རོ་5525དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཤི་བའི་རོ་219བསྡུ་རུབ་བྱས་པ་དང་། ད་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད་པ་རེད། གངས་རྒྱུན་མཐུད་བབས་པའི་རྐྱེན་གྱིས་ཀྲོའུ་ཡོངས་ཀྱི་འབྲོག་ལས་ཐོན་སྐྱེད་དང་། འགྲིམ་འགྲུལ་སྐྱེལ་འདྲེན། མང་ཚོགས་ཀྱི་འཚོ་བ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཕོག་ཡོད་ལ་གེགས་བར་བྱུང་རྗེས་ཀྱི་ཕྱུགས་ཟོག་སྐྱོབ་པའི་ལས་དོན་ལ་ཡང་འགྲན་སློང་ཆེན་པོ་འཕྲད་ཡོད་པ་རེད། 
     གནོད་འཚེ་ཕོག་རྗེས་མཚོ་སྔོན་གྱི་ཕྱོགས་ཁག་གི་སྟོབས་ཤུགས་མྱུར་དུ་སྒྲིག་འཛུགས་བྱས་པ་ལས་ལས་བྱེད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཞིང་། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་དང་། དམངས་སྲིད་ཐིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་སོགས་འབྲེལ་ཡོད་ཚན་པས་དུས་ཐོག་ཏུ་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ཡུལ་ཤུལ་གྱི་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་དེ་གེགས་འགོག་གེགས་སེལ་གྱི་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་གནོད་འཚེའི་གནས་ཚུལ་ལ་བརྟག་དཔྱད་དང་། གཟན་རྩྭ་དང་གཟན་ཆག་གཏོང་འདྲེན། མང་ཚོགས་ལ་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་གྱི་བྱ་ཐབས་སྤྱད་དེ་ཆུ་ཚོད་24རིང་གི་སྡོད་བྱའི་ལམ་ལུགས་དང་ཉིན་རེར་སྙན་སེང་ཞུ་བའི་ལམ་ལུགས་ལག་ལེན་བསྟར་ཡོད་པ་རེད། 
     ཡུལ་ཤུལ་ཀྲོའུ་གེགས་འགོག་གེགས་སེལ་ལས་དོན་འཕྲལ་སྡོམ་བཀོད་འདོམས་པུའི་གཞུང་ལས་ཁང་གི་བརྡ་ཁྱབ་ལ་གཞིགས་ན། ཟླ་2ཚེས་11ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་གེགས་སྐྱོབ་མ་དངུལ་སྒོར་ཁྲི་1500བཀོད་སྒྲིག་བྱས་ནས་གནོད་འཚེའི་ཁ་གསབ་མ་དངུལ་སྒོར་ཁྲི་115གཏོང་སྤྲོད་བྱས་པ་དང་གེགས་སྐྱོབ་འབྲུ་རིགས་ཏུན་480.3དང་དངོས་ཟོག་སྣ་ཚོགས་9680སྤྲད་པ་མ་ཟད། གཟན་རྩྭ་དང་གཟན་ཆག་ཏུན་22918.31གཏོང་འདྲེན་བྱས་ཡོད་པ་རེད།
     ཡུལ་ཤུལ་ཀྲོའུ་གེགས་འགོག་གེགས་སེལ་ལས་དོན་འཕྲལ་སྡོམ་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་བཀྲས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་ཤུལ་ཀྲོའུ་ཡི་ཕྱུགས་ཟོག་འགན་བཅོལ་ནང་ཞུགས་ཚད་60%ཟིན་པ་དང་གནོད་འཚེས་རྐྱེན་པས་ཕྱུགས་རིགས་ཤི་བར་གུན་གསབ་སྤྲོད་ཚད་ཚོད་རྩིས་བྱས་ན་90%ཡན་ཟིན་པ་དང་། མིག་སྔར་ནོར་ལུག་གི་འགན་བཅོལ་གུན་གསབ་སྤྲོད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས་འབྲོག་པའི་གྱོང་གུན་ནུས་ལྡན་ངང་ཆུང་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད།