འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎འདི་ལོ་ཡུན་ནན་གྱིས་དངོས་ཚན་དཔལ་འབྱོར་གྱི་ཁུར་པོ་སྒོར་དུང་ཕྱུར་900ཡང་དུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས《དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་22ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས་དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་མ་གནས་རྒྱུན་མཐུད་དམའ་རུ་གཏོང་རྒྱུའི་གཏན་འབེབས་ཁ་གསལ་བྱས་ཏེ་ལོ་ཧྲིལ་པོར་དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་ཁུར་པོ་སྒོར་དུང་ཕྱུར་900ཙམ་ཡང་དུ་གཏོང་གང་ཐུབ་བྱ་རྒྱུ་རེད།
     《བསམ་འཆར》ནང་བཏོན་དོན། དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་མ་གནས་རྒྱུན་མཐུད་དམའ་རུ་གཏོང་བ་དང་། ལོ་ཧྲིལ་པོར་དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་ཁུར་པོ་སྒོར་དུང་ཕྱུར་900ཙམ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། དཔྱ་ཁྲལ་དང་འགྲོ་གྲོན་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁེ་ལས་ཀྱི་རིན་ཐང་འཕར་ཁྲལ་གྱི་ཁྲལ་ཚད་དམའ་རུ་གཏོང་བ་དང་། སྒེར་ཁྲལ་གྱི་ཆེད་དོན་ཟུར་སྣོན་ཚབ་འཐེན་བྱེད་པ། རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་གྱི་ཚད་གཞི་དམའ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་དུས་ཐོག་ཏུ་དོན་འཁྱོལ་བྱེད་དགོས། ཁེ་ལས་དང་འབྲེལ་ཡོད་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་ཁྱོན་ཡོངས་ནས་གཙང་སེལ་བྱས་ཏེ་2019ལོའི་ལོ་མཇུག་གོང་ཞིང་ཆེན་རིམ་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུའི་རྣམ་གྲངས་གཅིག་ཀྱང་མ་ལུས་པ་བྱེད་དགོས། རྒྱལ་ཁབ་ཀྱི་དུས་མཚམས་རང་བཞིན་ངང་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་གྱི་ཚད་གཞི་མུ་མཐུད་དམའ་རུ་གཏོང་བའི་གཏན་འབེབས་གཞིར་བཟུང་ས་གནས་དེ་གའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་རིམ་གསོག་ལྷག་འཕྲོ་སྤྲོད་ཐུབ་པའི་ཟླ་གྲངས་གཞིར་བཟུང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་ལུགས་དང་མཐུན་པའི་སྒོ་ནས་ལེགས་སྒྲིག་བྱེད་དགོས། མྱུར་བགྲོད་གཞུང་ལམ་གྱི་ཧེ་བག་ཅན་གྱི་གྲོན་བསྡུའི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། གཞུང་ལམ་གྱི་དུས་མཚམས་དབྱེ་བའི་བརྐྱངས་བསྐུམས་རང་བཞིན་གྱི་གྲོན་བསྡུ་བྱེད་ཤུགས་ཆེ་རུ་བཏང་སྟེ“ཞིབ་བཤེར་གསུམ་སྒྲིལ”ཡོང་བ་བྱེད་དགོས། སྐྱེལ་འདྲེན་གྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་དང་ལྕགས་ལམ་ཟོག་འདྲེན་གྱི་བསྡུར་ཚད་ཧ་ཅང་མཐོ་རུ་བཏང་སྟེ། རང་རེའི་ཞིང་ཆེན་གྱི་ཐོག་མའི་གཏེར་ཁ(ལིན་གཏེར་རྡོ་དང་། ལྕགས་རིགས་ཀྱི་གཏེར་ཁ། རྡོ་སོལ་སོགས)ཕུད་པའི་ལྕགས་ལམ་ནས་ཞིང་ཆེན་གཞན་དག་ལ་ཕྱིར་གཏོང་བྱེད་པའི་བཟོ་ལས་ཀྱི་ཐོན་རྫས་གྲུབ་མ་འབོར་ཆེན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་རྫས་ལ་ལམ་རིན་གྱི་ཁ་གསབ་སྤྲོད་དགོས། སྤྱིར་བཏང་བཟོ་ཚོང་ཁེ་ལས་དང་། འཁྱགས་སྦྲེལ་ཟོག་འགྲེམས་ཁེ་ལས། མཐོ་གསར་ལག་རྩལ། དྲ་སྦྲེལ། གྲངས་གཞི་ཆེན་པོ། རྩེར་སོན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་བཅས་གློག་ཤུགས་ཁྲོམ་ར་ཅན་གྱི་ཉོ་ཚོང་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས། 2019ལོའི་ལོ་མཇུག་ཏུ་ཞིང་ཆེན་ནང་ཁུལ་གྱི་ཁྲོམ་ར་ཅན་གྱི་ཉོ་ཚོང་གི་གློག་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1000ཟིན་ཐུབ་པ་བྱེད་དགོས་པ་དང་། གཏན་འབེབས་གཞིར་བཟུང་གློག་གཏོང་རིན་གོང་ལེགས་སྒྲིག་བྱས་ནས་ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་དགོས།
     《བསམ་འཆར》ནང་བླང་བྱ་བཏོན་དོན། མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མཐོ་བའི་དཀའ་གནད་ཧུར་ཐག་སེལ་དགོས། ཡུན་ནན་ཞིང་ཆེན་གྱི་ས་ཁོངས་རང་བཞིན་གྱི་རྐང་དབང་ཁྲོམ་ར་བཙུགས་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཡངས་སུ་གཏོང་དགོས། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་དང་དངུལ་ཁང་གིས་ཁག་ཐེག་མཉམ་ལས་ཀྱི་བྱེད་སྟངས་གཞིར་བཟུང་ཞིང་ཆེན་རིམ་པའི་ཁག་ཐེག་བསྐྱར་མའི་སྒྲིག་གཞི་དང་། སྲིད་གཞུང་རངབཞིན་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་སྒྲིག་གཞི། མཉམ་ལས་དངུལ་ཁང་། ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་ཀྱི་མ་དངུལ་བཅས་ཀྱིས་ལུགས་མཐུན་བསྡུར་ཚད་གཞིར་བཟུང་ཉེན་ཁ་ཁག་ཐེག་བྱེད་དགོས། བསྐྱར་དུ་དངུལ་བུན་གཡར་ནས་དངུལ་བུན་སྔ་མ་སྤྲོད་པ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ཆ་རྐྱེན་དང་མཐུན་པའི་ཁེ་ལས་དང་། ཚོགས་པ། ཀུང་སི་བཅས་ཆེ་གྲས་སུ་ནོར་དོན་ཀུང་སི་གཉེར་རྒྱུའི་ལྕག་སྐུལ་བྱས་ནས་མ་དངུལ་གཅིག་སྡུད་དོ་དམ་ཡོང་བ་བྱས་ཏེ་ཆེད་ལས་ཅན་གྱི་དངུལ་རྩའི་དོ་དམ་ཞབས་ཞུ་མཁོ་འདོན་བྱེད་དགོས། ཁེ་ལས་འབྲིང་ཆུང་གི་འཚར་ལོངས་འདུ་འགོད་ལག་ལེན་བསྟར་ནས“སྒེར་གྱི་ཚོང་དུད་ཁེ་ལས་སུ་བསྒྱུར་བ་དང་། ཁེ་ལས་ཆུང་གྲས་གཞི་ཁྱོན་དུ་རིམ་སྤོར། གཞི་ཁྱོན་མ་རྐང་དུ་བསྒྱུར་བ། མ་རྐང་ཁྲོམ་རར་ཞུགས་པ”བཅས་ལ་གནད་ལ་སྨིན་པོས་སྐུལ་འདེད་བཏང་སྟེ་ལོ་ཧྲིལ་པོར་ཞིང་ཆེན་རིམ་པའི་འཚར་ལོངས་རང་བཞིན་གྱི་ཁེ་ལས་འབྲིང་ཆུང་100ཡན་འཕར་བ་བྱེད་དགོས། ཁྲོམ་ཞུགས་གྲ་སྒྲིག་ཁེ་ལས་ཀྱི་ཐོན་ཁུངས་མཛོད་སྐྲུན་དགོས། ཁེ་ལས་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་བཟོས་ནས་ལག་ལེན་བསྟར་ཏེ་ཁྲོམ་རར་ཞུགས་པའི་ཆ་རྐྱེན་ལྡན་པའི་ཁེ་ལས་ལ“ཐོགས་མེད་བགྲོད་ལམ”གཏོད་དགོས།