འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་16ཉིན།

༄༅༎ཞིབ་དཔྱོད་ལས་ཁུངས་ཀྱིས་སྣོད་བཅུད་ཤེས་དཔལ་ལ་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་དཔྱིད་གསར་དུས་ཆེན་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་ཀྲང་ཞོལ་ཆའོ་གདན་དྲངས་ནས་ཀྲུང་གོའི་སྣོད་བཅུད་ཁོར་ཡུག་གི་ཞིབ་དཔྱོད་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཀྲང་ཞོལ་ཆའོ་ཡིས་ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་སྒྲུབ་ལྟེ་བར་བྱེད་པ་དང་ཆེད་དོན་བྱེད་སྒོ་དམ་འཛིན་བྱ་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རླུང་ཁམས་ཆེན་པོའི་སྦགས་བཙོག་དང་། ཆུའི་སྦགས་བཙོག ས་རྒྱུའི་སྦགས་བཙོག གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཐད་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་དམིགས་ནས་ལྟ་སྐུལ་བྱས་ཏེ། ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཆེད་ཁྲིམས་འཛིན་གྱི་འགན་ལེན་བྱས་ཡོད་ཅེས་བཤད་པ་རེད།
     སྣོད་བཅུད་ཁོར་ཡུག་གི་ཞིབ་དཔྱོད་ནི་ཞིབ་དཔྱོད་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། 2018ལོ་ནས་བཟུང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས《ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་རམ་འདེགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཀྱི་ཡིག་ཆ་མང་པོ་བཏོན་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རིང་དགེ་མཚན་ལྡན་པའི་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད། བསྡོམས་རྩིས་གྲངས་གཞི་ལས་མངོན་དོན། 2018ལོར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ལ་གཏོར་བཤིག་བཏང་བའི་ཉེས་གསོག་གྱོད་གཞི་ཁྱོན་9470ཡི་དོགས་ཡོད་ཉེས་ཅན་15095བཟུང་རྒྱུའི་ཆོག་མཆན་སྤྲད་པ་དེ་དུས་མཚུངས་ལས་51.5%འཕར་བ་དང་། གྱོད་གཞི་26287གྱི་དོགས་ཡོད་ཉེས་ཅན་42195ཞུ་གཏུག་བརྒྱབ་པ་དེ་དུས་མཚུངས་ལས་21%འཕར་བ་དེ་ཐོག་ནས་2018ལོའི་སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་ཉེས་དོན་གྱོད་གཞིའི་སྤྱི་ཡོངས་འཕེལ་རྒྱས་མྱུར་པོ་ཕྱིན་པ་མཚོན་ཡོད།
     གཞན་ཡང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ད་དུང་སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པ་སོགས་ཀྱི་བྱེད་སྟངས་ཐོག་ནས་གྱོད་གཞི་དེ་རིགས་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2018ལོར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁེར་རྐྱང་ངམ་ཡང་ན་སྤྱི་བདེ་པུའུ་དང་སྣོད་བཅུད་ཁོར་ཡུག་པུའུ་དང་མཉམ་དུ་འབྲི་ཆུའི་རྒྱུད་ཀྱི་ཁོར་ཡུག་ལ་སྦགས་བཙོག་བཟོས་པའི་གྱོད་གཞི་སྣ་ཚོགས་སོགས་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་པའི་གྱོད་གཞི་56སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་དང་། ནགས་ལས་དང་རྩྭ་ཐང་ཅུས་དང་མཉམ་དུ་ནགས་ལས་དང་འབྲེལ་བའི་ཚབས་ཆེ་བ་དང་དམིགས་བསལ་གྱི་ཉེས་དོན་གྱོད་གཞི་10སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ད་དུང་ཧུའུ་ནན་ཏུང་ཐིང་མཚོ་ཁུལ་གྱི་མཚོ་མཐར་རགས་སྐོར་དམའ་པོ་བརྒྱབ་པའི“6·21”གི་ཉེས་གསོག་གྱོད་གཞི་སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་རེད། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད། 2018ལོར་ཞིབ་དཔྱོད་ལས་ཁུངས་ཀྱི་གྲོས་འགོ་བརྒྱུད་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལ་གཏོར་བཤིག་བཏང་བའི་ཉེས་གསོག་གྱོད་གཞི་ཁྱོན་3550ཡི་དོགས་ཡོད་ཉེས་ཅན་4782རྩིས་སྤྲད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཁོར་ཡུག་སྦགས་བཙོག་གི་ཉེས་གསོག་གྱོད་གཞི་3140ཡི་དོགས་ཡོད་ཉེས་ཅན་3942གྱོད་དོན་ཐོ་འགོད་བྱ་རྒྱུར་ལྟ་སྐུལ་བྱས་པ་རེད།
     ཞིབ་དཔྱོད་ཀྱི་སྤྱི་ཕན་ཞུ་གཏུག་ལམ་ལུགས་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་བཏང་བ་དེས་ཀྱང་སྣོད་བཅུད་ཁོར་ཡུག་ཞིབ་དཔྱོད་ལས་དོན་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད། 2018ལོར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་རིགས་ཀྱི་གྱོད་གཞི་ཁྱོན་59312གྱོད་དོན་ཐོ་འགོད་བྱས་ཏེ་སྒྲུབ་གཉེར་བྱས་པ་དེས་ཞིབ་དཔྱོད་སྤྱི་ཕན་ཞུ་གཏུག་གྱོད་གཞིའི་ཕྱེད་ཀ་ཙམ་ཟིན་ཞིང་། ཞུ་གཏུག་མ་བརྒྱབ་གོང་གི་ལས་རིམ་གྱོད་གཞི་53521སྒྲུབ་གཉེར་བྱས་པ་དང་། ཞུ་གཏུག་མ་བརྒྱབ་གོང་གི་ལས་རིམ་སྲིད་འཛིན་ལས་ཁུངས་ཀྱིས་དག་ཐེར་བྱེད་ཚད་97%ཟིན་པ་དང་། གཏོར་བཤིག་དང་སྦགས་བཙོག་བཟོས་པའི་རྨོ་ཞིང་དང་། འདམ་ར། ནགས་ས། རྩྭ་ཐང་བཅས་མུའུ་ཁྲི་210སླར་གསོ་བྱ་རྒྱུར་ལྟ་སྐུལ་བྱས་ཡོད་པ་རེད།