འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་16ཉིན།

༄༅༎ཨ་རིས་སྙན་ཞུ་སྤེལ་བའི་ནང“དགྲ་ཡར་ལངས་པའི་ཨ་རི་དང་ཀྲུང་གོའི་འབྲེལ་བ་ནི་ཕྱོགས་གང་རུང་ཞིག་གི་
ཁེ་ཕན་དང་མི་འཚམ་པ་ཞིག་རེད”ཅེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲེང་ཐོན་ནས་གློག་འཕྲིན་འབྱོར་བ་ལྟར་ན། ཨ་རིའི་དེ་སྔའི་སྲིད་དོན་གྱི་མི་སྣ་གལ་ཆེན་དང་ཀྲུང་གོའི་གནད་དོན་གྱི་གྲགས་ཅན་རིགས་གཅིག་མཁས་ཅན་མང་པོས་ཚེས་12ཉིན་ཝ་ཧྲེང་ཐོན་དུ་སྙན་ཞུ་ཡོངས་བསྒྲགས་བྱས་པའི་ནང་ཨ་རིས་ཀྲུང་གོ་དང་གྲོས་མོལ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་ཐབས་འཚོལ་དགོས“དགྲ་ཡར་ལངས་པའི་ཨ་རི་དང་ཀྲུང་གོའི་འབྲེལ་བ་ནི་ཕྱོགས་གང་རུང་ཞིག་གི་ཁེ་ཕན་དང་མི་འཚམ་པ་ཞིག་རེད”ཅེས་བསྟན་ཡོད།
     ཨ་རིའི་དེ་སྔའི་ཚོང་དོན་འཐུས་ཚབ་པཱར་ཧྲི་ཕུའུ་སྲ་ཅི་དང་། ཀྲུང་གོར་བཅའ་སྡོད་དེ་སྔའི་གཞུང་ཚབ་ཆེ་མོ་བ་ཝུན་སི་ཏུན·ལུའོ་ཏེ། དེ་སྔའི་ལས་རོགས་རྒྱལ་དོན་བློན་ཆེན་ཁན་པེའར་སོགས་ཨ་རིའི་དེ་སྔའི་སྲིད་དོན་གྱི་མི་སྣ་གལ་ཆེན་དང་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་17གྱིས་མཉམ་འབྲེལ་ཐོག《ཁ་ཕྱོགས་དག་བཅོས། ཀྲུང་གོར་འཛིན་པའི་སྲིད་ཇུས་ནུས་ལྡན་དང་རྒྱུན་མཐུད་ཀྱི་ཕྱོགས་སུ་ལེགས་སྒྲིག་བྱེད་པ》ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཞུ་བྲིས་ཡོད།
     སྙན་ཞུའི་ནང་ཉེ་བའི་ལོ་གཉིས་ནང་ཨ་ཀྲུང་གི་འབྲེལ་བ་བར་སྐབས་ཤིག་རིང་ཛ་དྲག་གི་གནས་སུ་ལྷུངས་ཡོད་མོད། འོན་ཀྱང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད། ཨ་རིའི་ངོས་ནས་བརྗོད་ན། ཀྲུང་གོ་གནོན་གང་ཐུབ་དང་བཀག་འགོག་བྱེད་པ་ནི་ཕུགས་ཀྱི་འཆར་གཞི་ཞིག་མིན་པ་བསྟན་ཡོད།
     སྙན་ཞུའི་ནང་ཨ་རིས་རང་རྒྱལ་ཁབ་ཀྱི་ཁེ་ཕན་ངེས་པར་དུ་ཀྲུང་གོས་ལུགས་མཐུན་གྱི་དཔལ་འབྱོར་བདེ་འཇགས་དམིགས་ཚད་དོན་གཉེར་བྱེད་པ་དང་ཕྱིན་ཅི་ལོག་ནས་འགྲོ་དགོས་པའི་ངོས་འཛིན་བྱ་རྒྱུ་མེད། ཀྲུང་གོའི་དཔལ་འབྱོར་དང་ཕྱི་འབྲེལ་གྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཀྱང་རང་བཞིན་གྱིས་ཆེ་རུ་ཕྱིན་པ་སྨོས་མེད་ཡིན་པས། ཨ་རིའི་སྲིད་ཇུས་དང་བྱ་ཐབས་ཀྱིས་ཀྲུང་གོས་གོ་ལ་ཧྲིལ་པོར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་གང་ཐུབ་བྱེད་དགོས། དེས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་གོ་ལ་ཧྲིལ་པོའི་ཁེ་ཕན་ལ་སྐུལ་འདེད་གཏོང་རོགས་བྱེད་ཐུབ་ཞེས་བསྟན་ཡོད།