འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎ཡུལ་སྐོར་དུ་བསྐྱོད་ནས་ལོ་གསར་གཏོང་སྐབས་དགུན་དུས་མེ་ཏོག་བཞད་པ་མཐོང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་དཔྱིད་གསར་དུས་ཆེན་རིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་གི་རིན་ཆེན་ཁྱིམ་མི་ཚང་མ་ལྷ་སར་ཕྱིན་པ་རེད། 
     འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་སྤྲོ་གསེང་རོལ་རྩེད་ཀྱི་རྣམ་པར་འགྱུར་ལྡོག་བྱུང་བ་དང་བསྟུན“ཁྱིམ་མི་མཉམ་འཛོམས”ཀྱི་དོན་སྙིང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད། ཡུལ་སྐོར་དུ་ཕྱིན་ནས་ལོ་གསར་གཏོང་མཁན་རིམ་བཞིན་མང་དུ་ཕྱིན་ནས་དར་སྲོལ་གསར་པ་ཞིག་ཏུ་གྱུར་བཞིན་ཡོད་པ་དང་། ལྷ་ས་དང་། ཁྲེང་ཏུའུ། ཐ་ན་ཐེ་ལན་གྱི་ཕུའུ་ཅི་ཏའོ་གླིང་ཕྲན་དང་ཧའེ་ནན་སན་ཡཱ་སོགས་མཚོ་ཐོག་གི་གྲོང་ཁྱེར་ནི་ཁོང་ཚོའི་གདམ་ག་བྱ་ཡུལ་ཞིག་རེད།
     ཚ་བོ་དང་མཉམ་དུ་ཐེ་ལན་ཕུའུ་ཅི་ཏའོ་གླིང་ཕྲན་དུ་དཔྱིད་གསར་དུས་ཆེན་རིང་ཉིན་བདུན་བསྡད་པའི་བོད་རིགས་བགྲེས་སོང་ཨོ་རྒྱན་མཚོ་ཕྱི་རྒྱལ་དུ་འགྲོ་ཐེངས་དང་པོ་ཡིན་ལ་ཚ་རུ་གྱོན་དགོས་པའི་ཕ་ཡུལ་ཀན་ལྷོ་བསང་ཆུ་དང་གཏན་ནས་མི་འདྲ་བ་རྟོགས། ཚེས་11ཉིན་ཀན་སུའུ་ལན་ཀྲོའུ་རུ་ལོག་པའི་ཁོ་མོས་དགའ་ཉེ་སྤུན་གྲོགས་ཚོར་ཕྱི་རྒྱལ་གྱི་མཐོང་ཐོས་གླེང་བ་རེད།
     ལོ་76ལ་སླེབས་པའི་བོད་རིགས་བགྲེས་སོང་བཀྲ་ཤིས་དང་། ཁོང་གི་བཟའ་ཟླ། བུ་མོ་བཅས་ཀྱིས་སྒེར་འཁོར་བཏང་ནས་ཁྲེང་ཏུར་ལོ་གསར་གཏོང་བར་ཕྱིན། ལེ་ཧྲན་ལྷ་ཆེན་པོ་མཇལ་བ་མ་ཟད། གླང་ཆེན་འགྱིང་རིའི་གསེར་ཟངས་རྒྱ་ཕིབས་ཀྱི་འོག་བར་འབྱོར་ནས་ལོ་བདུན་ཅུ་གྲོལ་བའི་རྒན་རྒོན་གཉིས་པོས“སྒེའུ་ཁུང་གི་ཕྱི་རོལ་དུ་པད་ཁའི་མེ་ཏོག་བཞད་ནས་གང་སར་སྔོ་ཐིང་ཐིང་གིས་ཁེངས་ནས་ཡིད་དུ་འོང་བ་ཞིག་ཡོད་པ”བསམ་ཡུལ་ལས་འདས། གངས་འཁྱགས་ཀྱིས་ཁེངས་པའི་ཀན་ལྷོ་ཐེ་བོ་དང་བསྡུར་ན་རྒན་རྒོན་གཉིས་པོས་དགུན་དུས་སུ་མེ་ཏོག་བཞད་པ་མཐོང་ཐེངས་དང་པོ་ཡིན་པས་ངོ་མཚར་ཆེན་པོ་བྱུང་ཡོད།
     “ལོ་40གོང་ཁྱིམ་དུ་ལུག་ཁ་ཤས་གསོས་ནས་བུ་མོ་བཞི་སྐྱོང་བ་ཡིན། ལོ་བཅུ་ཕྲག་གོང་རྟ་གཅིག་བཙོངས་པའི་དངུལ་གྱིས་ཉིན་ཞག་ཁ་ཤས་རིང་མེ་འཁོར་བསྡད་ནས་ལྷ་སར་བསྐྱོད་པ་ཡིན། ཉིན་33གྱི་རྗེས་སུ་གཞི་ནས་ཁྱིམ་དུ་ལོག་པ་དང་ཁྱིམ་ནས་ཐོན་རྗེས་སྐབས་ཤིག་རིང་ཁྱིམ་མི་དང་འབྲེལ་བ་ཆད་དེ་འབྲེལ་གཏུག་བྱེད་ཐབས་བྲལ་སོང”ཞེས་བགྲེས་སོང་བཀྲ་ཤིས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད་ཅིང་། ཁོང་གིས་ད་ཆ་ཉིན་གཅིག་ལ་ལེ་དབར་སྟོང་བསྐྱོད་ཐུབ་པ་དང་ཉིན་ལྟར་ལག་ཐོགས་ཁ་པར་གྱི་བརྙན་ལམ་བརྒྱུད་ཡུལ་དུས་གང་རུང་དུ་ཁྱིམ་མི་དང་འབྲེལ་བ་བྱེད་ཐུབ་པས་བདེ་སྐྱིད་ཆེན་པོ་འདུག་ཅེས་བཤད།